ཨ་མདོ་རྔ་བའི་དགེ་འདུན་ལ་ཁྲིམས་ཆད་གཅོད་རྩིས་བྱེད་ཀྱི་ཡོད་པ།
བོད་ནང་གི་ད་ལོའི་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་འོག་འཛིན་བཟུང་བྱས་པའི་དགེ་འདུན་པ་ཁ་ཤས་ལ་ཁྲིམས་ཆད་གཅོད་རྩིས་བྱེད་ཀྱི་ཡོད་པ་རེད།
-
2008-10-26 -
-
-
༄༅༎དེ་རིང་བོད་ཨ་མདོ་རྔ་བ་རྫོང་ས་གནས་ཁྲིམས་ཁང་གིས་བོད་ནང་གི་ད་ལོའི་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་འོག་འཛིན་བཟུང་བྱས་པའི་དགེ་འདུན་པ་ཁ་ཤས་ལ་ཁྲིམས་ཆད་གཅོད་རྩིས་བྱེད་ཀྱི་ཡོད་པ་རེད།
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཀིར་རྟི་གྲ་ཚང་གི་དགེ་འདུན་པ་ཚེ་རིང་ལགས་ཀྱིས་བརྗོད་དོན་ལྟར་ན་མདོ་སྨད་ཀིར་རྟི་དགོན་པའི་གྲྭ་པ་གཉིས་དང་གདུང་རི་དགོན་པའི་གྲྭ་པ་གཅིག་བཅས་པར་ཁྲིམས་ཐག་གཅོད་རྩིས་ཡོད་པའི་ཁྲོད་ནས་འཇམ་དབྱངས་ཉི་མ་ཞུ་བའི་དགེ་འདུན་པ་དེར་ད་ལོའི་ཕྱི་ཟླ་གསུམ་པའི་གྱེན་ལངས་ནང་སྣེ་ཁྲིད་མཁན་ཡིན་ལུགས་སྐྱོན་བཙུགས་བྱས་ཏེ་ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་འཛིན་བཟུང་བྱས་ཡོད་པ་དང་ཁོང་གི་རོགས་པ་ཁ་ཤས་ཐོག་ཁྲིམས་ཐག་བཅད་ཟིན་པ་དང་ཁོང་གི་ཐོག་ལ་ད་བར་ཁྲིམས་ཐག་མ་བཅད་པར་བཞག་ཡོད་པ་རེད། ཡང་རྡོ་རྗེ་ཞུ་བ་དང་ཀུན་དགའ་ཞུ་བའི་དགེ་འདུན་པ་གཉིས་ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་གསུམ་ཉིན་འཛིན་བཟུང་བྱས་ཡོད་པ་དང་ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་དོན་ནི་ཁོང་གཉིས་ཀྱིས་རྒྱལ་གཅེས་ཆོས་གཅེས་སློབ་གསོའི་སྐབས་ནག་ཉེས་ངོས་ལེན་མ་བྱས་པར་སོ་སོར་སྨྲ་བརྗོད་རང་དབང་མེད་པའི་བསམ་ཚུལ་དམར་རྗེན་གསུངས་པར་བརྟེན་ཁོང་གཉིས་ཀྱང་འཛིན་བཟུང་བྱས་པ་རེད་ཅེས་གོང་གསལ་ཀིར་རྟི་དགོན་པའི་སྐུ་ཞབས་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད། ཁོང་ཚོ་མཉམ་དུ་མི་སྐྱ་ཁ་ཤས་ལའང་ཁྲིམས་ཐག་གཅོད་ཀྱི་ཡོད་ནའང་ཁོང་ཚོ་སུ་དང་སུ་ཡིན་མིན་རྩད་གཅོད་བྱེད་ཐུབ་མེད་པ་རེད། རེས་གཟའ་སྤེན་པའི་དགོང་དྲོ་ཨ་མདོ་རྔ་བའི་ཀིར་རྟི་དགོན་པའི་གྲྭ་པ་ཁ་ཤས་ཀྱི་ནང་མིར་ཁྱེད་རང་ཚོས་ཁྲིམས་ཐག་གཅོད་སར་ཡོང་ནས་ཟུར་ཉན་བྱས་ཆོད་གི་རེད་ཡིན་ནའང་ཁོང་ཚོའི་ངོས་ནས་ཁྲིམས་རྩོད་པ་བཙལ་ཆོག་གི་མ་རེད་ཅེས་དང་ཁྲིམས་ཐག་དེ་ཡང་ཕྱི་ལ་མངོན་གསལ་མ་ཡིན་པའི་ཁྲིམས་གཅོད་ཡིན་པའི་རྐྱེན་གྱིས་མི་མང་ཟུར་ཉན་བྱ་བར་ཡོང་ཆོག་གི་རེད་ཅེས་རྔ་བ་ཁྲིམས་ཁང་གིས་བཀག་འགོག་བྱས་ཡོད་པ་རེད༎