ཕ་སྐད་ཚོགས་པ་འཛུགས་མི་ཆོག་ལ་དེར་ཞུགས་མི་ཆོག

རེབ་གོང་རྒྱལ་པོ་ཕྱོགས་སུ་རྒྱ་ནག་གཞུང་གིས་དྲག་རྡུང་ལས་འགུལ་སྤེལ་ཏེ་མང་ཚོགས་ལ་སུན་པོ་བཟོ་བཞིན་ཡོད་འདུག

༢༠༡༢ལོར་རེབ་གོང་ཕྱོགས་སུ་དམ་དྲག་བྱེད་བཞིན་པ།

རེབ་གོང་རྒྱལ་པོ་ཕྱོགས་སུ་རྒྱ་ནག་གཞུང་གིས་དྲག་རྡུང་ལས་འགུལ་སྤེལ་ཏེ་མང་ཚོགས་ལ་སུན་པོ་བཟོ་བཞིན་ཡོད་འདུག
དེ་ཡང་བོད་ནང་གི་གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་དོན། དེང་སྐབས་རེབ་གོང་ས་ཁུལ་དུ་དྲག་རྡུང་ལས་འགུལ་ཟེར་བ་ཞིག་སྤེལ་མགོ་ཚུགས་ནས་མང་ཚོགས་ལ་སུན་པོ་བཟོ་ཡི་ཡོད་པ་དང་། དྲག་རྡུང་ལས་འགུལ་ནི་རེབ་གོང་རྫོང་ཡོངས་སུ་སྤེལ་གྱི་ཡོད་ལ། ཞང་ཟེར་བའི་ཡུལ་ཚོའི་ལས་ཁུངས་ཀྱི་ལས་བྱེད་ནས་མང་ཚོགས་ཁྲོད་སྤེལ་བཞིན་ཡོད་འདུག
དཔེར་ན། རེབ་གོང་རྒྱལ་པོ་ཞང་དུ་དྲག་རྡུང་ལས་འགུལ་སྤེལ་རིམ་ལ་མཚོན་ན། ལོ་ཤས་གོང་ནས་བཙུགས་པའི་ཕ་སྐད་ཚོགས་པ་ནི། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་དམངས་ཁྲོད་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་བོད་སྐད་གཙང་མ་བེད་སྤྱོད་བྱེད་སྒོ་སྤེལ་བ་དང་། མཚམས་རེར་མཁས་པ་དང་དགེ་རྒན་ཁག་ཅིག་གདན་འདྲེན་ཞུས་ནས་སྐད་ཡིག་སྲུང་སྐྱོབ་སྐོར་ལ་བགྲོ་གླེང་ཚོགས་པ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པ་རེད། ཡིན་ནའང་། བདུན་ཕྲག་གཉིས་ཀྱི་གོང་ནས་འགོ་བཙུགས་པའི་དྲག་རྡུང་ལས་འགུལ་སྤེལ་མཁན་ལས་བྱེད་ཚོས། ཕ་སྐད་ཚོགས་པ་གསར་འཛུགས་བྱེད་མཁན་རྣམས་ལ་འདྲི་བརྩད་ནན་པོ་དང་། ཚོགས་པར་ཞུགས་མཁན་གྱི་ཚོགས་མི་རྣམས་ཀྱང་ཞང་གི་ལས་ཁུངས་ནང་སྐད་བཏང་ནས་འདྲི་གཅོད་དང་། ཕ་སྐད་ཚོགས་པ་འཛུགས་མི་ཆོག་པ་དང་། དེར་ཞུགས་མི་ཆོག་པ། དེ་བཞིན་དུ། བོད་ཆས་གྱོན་པའི་ཚོགས་པ་དང་། དམངས་ཁྲོད་དུ་དགུན་དུས་གྲོང་སྡེ་ཁག་ཏུ་ཡིག་རྨོངས་སེལ་བའི་འཛིན་གྲྭ་འཚོགས་ཀྱི་ཡོད་པ་སོགས་ཀྱང་འཚོག་མི་ཆོག་ཅེས་བཙན་ཤེད་བྱེད་བཞིན་ཡོད་ཟེར། གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། རྒྱལ་པོ་ཕ་ལུང་སྡེ་བའི་གཞོན་སྐྱེས་ཤིག་གིས། སྡེ་མི་ཁག་ཅིག་བསྡུས་ཏེ་སྒྲོལ་མ་སོགས་ཁ་བཏོན་རིགས་བསླབ་འདུག་པ་དེའང་སྐད་བཏང་སྟེ། དེ་རིགས་ཁྲིམས་འགལ་ཡིན་པས་བསླབ་མི་ཆོག་པ་དང་། གཞན་རོང་ཁུལ་དུ་དབྱར་དུས་ཞིང་སྲུང་ཁྱིགས་བདག་ཅེས་བ་བསྐོ་འཛུགས་བྱ་སྲོལ་ཡོད་དེའང་། རྗེས་མ་ནས་བཙུགས་མི་ཆོག་པའི་བཙན་ཤེད་བྱེད་ཀྱིན་འདུག་ཟེར། ས་གནས་བོད་མི་ཞིག་གིས་བརྗོད་དོན། འདི་ནི་རྒྱལ་པོ་ས་ཁུལ་དུ་དྲག་རྡུང་གི་གནས་སྟངས་ཙམ་ཡིན་ལ། ཞང་དང་གྲོང་སྡེ་གཞན་དག་ཏུའང་ལས་འགུལ་འདི་སྤེལ་བཞིན་ཡོད་པས། ངེད་ཚོ་མང་ཚོགས་ལ་མཚོན་ན། ལོ་ཤས་གོང་ལ་ཁྲིམས་མཐུན་དང་། ཡང་ན། གནའ་ནས་ད་བར་ཁྲིམས་མཐུན་ཡིན་པའི་དམངས་ཁྲོད་ཀྱི་ལས་རིགས་སམ་བྱེད་སྒོ་མང་པོར། ད་ལྟ་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས་བཀག་སྡོམ་བྱེད་ཀྱིན་པ་འདི་ནི། གཞི་རིམ་ཞང་སྲིད་གཞུང་དང་། རྫོང་རིམ་པའི་འགོ་ཁྲིད་ཁག་ཅིག་གིས་དངོས་ཡོད་གནས་སྟངས་མང་པོ་གོང་རིམ་ལ་འཁྱོག་བཤད་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་གནས་ཚུལ་ཡོང་ཁུངས་ནས་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་ལྕགས་མོ་འཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org