བླ་བྲང་དགོན་པའི་གྲྭ་ཡན་གཙང་དག་བཟོ་རྒྱུ།
ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དོ་དམ་ཁང་གིས་གྲྭ་ཡན་རྣམས་གཙང་དག་བྱེད་རྒྱུའི་ཡིག་ཆ་ཕྱིར་བསྒྲགས་བྱས་འདུག
-
2014-01-03 -
-
-
ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དོ་དམ་ཁང་གིས་གྲྭ་ཡན་རྣམས་གཙང་དག་བྱེད་རྒྱུའི་ཡིག་ཆ་ཕྱིར་བསྒྲགས་བྱས་འདུག
དེ་ཡང་ཡིག་ཆ་དང་གནས་ཚུལ་ཕྱི་ཕྱོགས་སུ་འབྱོར་བའི་ནང་དོན་ལྟར་ན། དགོན་པའི་ནང་རྒྱུན་སྡོད་ཀྱི་ཆོག་མཆན་མེད་པའི་དགེ་འདུན་པ་རྣམས་གཙང་དག་བཟོ་རྒྱུའི་ལས་དོན་དེ་༢༠༡༣་ལོའོ་༡༢ནས་༢༠༡༤ལོའི་ཟླ་གསུམ་པའི་ཚེས་༡གོང་མཇུག་སྒྲིལ་ཚར་དགོས་པ་དང་། དོན་དམ་ཁང་གི་ནང་ཁུལ་གྱི་འགན་འཁུར་བ་གཙོ་བོ་གྲྭ་བ་བདག་དོམ་ཁང་གིས་འཁྱེར་དགོས་པ་དང་། སློབ་སྦྱོང་ཨུ་ཡོན་ལྷན་ཁང་དང་། སྤྲུལ་སྐུ་གཞུང་སྒྲུབ་ཁང་གཉིས་ཀྱིས་གཞོགས་འདེགས་བྱ་དགོས་རྒྱུ་སོགས་འཁོད་འདུག
༢༠༡༣ལོའི་ཟླ་༡༢ཚེས༡༣འཁོད་པའི་བཀའ་ཁྱབ་ནང་གི་དོན་ཚན་ཁག་ནི།
གཅིག བླ་བྲང་དགོན་པ་རང་གི་གྲྭ་རྒྱུན་གྱི་ཁོངས་སུ་མི་གཏོགས་ཤིང་གླིང་འདིར་རྒྱུན་སྡོད་ཆོག་མཆན་ཐོབ་མེད་པའི་གྲྭ་བ་རྣམ་གཙང་དག་བྱེད་དགོས།
གཉིས། སྐོར་དང་པོ་གྲྭ་ཚང་ཕན་ཚུན་ལྔ་དང་། ནང་ཆེན་སོ་སོ་ན་ཡོད་པའི་གྲྭ་ཡན་ཡིན། གྲྭ་ཡན་གཙང་དག་སྐོར་རྗེས་མའི་མཚན་ཐོ་དང་གོ་རིམ་སོགས་དོ་དམ་ཁང་གིས་ཟུར་དུ་ཐག་གཅོད་བྱེད་རྒྱུ་ཡིན། གཙང་དག་བྱེད་ཡུལ་སྐོར་དང་པོ་ནི་ ༢༠༡༣ ལོའི་ཧོར་ཟླ་ ༡༢ པའི་ཚེས་ ༡ ནས་ཕྱི་ལོའི་ཟླ་བ་གསུམ་པའི་ཚེས་ ༡ བར་སོང་ཚར་དགོས་ལ། དེ་ཡང་གྲྭ་ཡན་གཙང་དག་གི་གོ་རིམ་དང་དུས་ཚོད་གཏན་ཁེལ་ལྟར་རིམ་པ་བཞིན་དུ་སོང་ཚར་བའི་བྱ་བ་ལེགས་པར་འགྲུབ་དགོས།
བཞི། ཚོགས་ཆོས་གྲྭའི་གྲས་སུ་གྲྭ་ཡན་ཕེབས་མི་ཆོག་པ་སྔོན་སྲོལ་ལྟར་དང་། གཞན་གསོ་སྦྱོང་དང་། གདུང་མདུན། ལྷ་ཚེས། སྨོན་ལམ། གསུང་ཆོས། གྲྭ་རྒྱུན་རྩོད་གྲྭ་ཟབ་སྦྱོང་འཛིན་གྲྭ་སོགས་སུའང་ཕེབས་མི་ཆོག འདི་ལ་སྨོན་ལམ་གསུང་ཆོས་སོགས་ཚོགས་ཆེན་གྱི་བྱ་བའི་སྐོར་གྱི་གྲྭ་ཡན་ཕེབས་མི་ཆོག་སར་ཚོགས་ཆེན་ཚོགས་འདུའི་རྒན་པས་ལྟ་རྟོག་དང་། གྲྭ་རྒྱུན་རྩོད་གྲྭར་ཐོས་བསམ་གླིང་གི་ཚོགས་འདུའི་རྒན་པས་ལྟ་རྟོག་དང་། ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གཞུང་སྒྲུབ་ཁང་ནས་ལྟ་རྟོག་བྱེད་དགོས།
ལྔ། ལོ་རྗེས་མའི་ནང་གྲྭ་ཡན་གཙང་དག་གི་བྱ་བ་ཐམས་ཅད་ལེགས་པར་བསྒྲུབ་ཐུབ་པ་བྱེད་དགོས་ལ། རྗེས་སོར་གྲྭ་ཤག་དང་། ནང་ཆེན། གཞུང་ཁང་སོ་སོ་ནས་གྲྭ་ཡན་སོགས་ལ་གནས་ཚང་གཏོང་མི་ཆོག་པ་བཅས་དོ་དམ་ཁང་ནས་ཡིག་ཆ་འདི་ཐག་གཅོད་བྱས་པ་ཡིན་ཞེས་བཀོད་འདུག
གསར་འགོད་པ་འཆི་མེད།