རྒྱ་ནག་ནང་བསྐྱོད་མཁན་ཚོར་ལག་ཐོག་ཁ་པར་དང་གློག་ལས་འཕྲུལ་ཆས་སོགས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་འདུག

ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་རྒྱ་ནག་ནང་བསྐྱོད་མཁན་ཚོའི་ལག་ཐོག་ཁ་པར་དང་གློག་ལས་འཕྲུལ་ཆས་སོགས་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པ་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཏན་འབེབས་ཀྱིས་ལག་བསྟར་བྱ་རྒྱུ་ཡིན་འདུག

Reuters

རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཡིག་ཆ་ཕྱིར་བསྒྲགས་བྱུང་པར་གཞིགས་ན།  ༢༠༢༤ ཟླ་ ༧ ཚེས་ ༡ ནས་བཟུང་རྒྱལ་ཁབ་བདེ་འཇགས་ཉེན་རྟོག་པས་རྒྱ་ནག་ནང་བསྐྱོད་མཁན་ཚོའི་ཅ་དངོས་དང་ཁ་པར་སོགས་ལ་ཞིབ་བཤེར་བརྟག་དཔྱད་བྱ་ཆོག་པའི་དབང་ཚད་སྤྲད་ཡོད་པ་གསལ་ཡོད་འདུག འདི་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་འགུལ་གྱི་ལས་དོན་ཆ་ཤས་ཤིག་ཡིན་པ་དང་།  རྒྱལ་ཁབ་བདེ་འཇགས་ཟེར་བ་དེ་ཡང་རྒྱ་ནག་གཞུང་གིས་རྒྱུན་དུ་བེད་སྤྱོད་གཏོང་བའི་ལག་ཆ་ཞིག་ཡིན་ཞིང་།  རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ཟེར་བས་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་ཕྱིར་བསྒྲགས་བྱས་པའི་ཡིག་ཆ་གཞིར་བཟུང་ལྟར་ན།   རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་རྟོག་པས་རྒྱ་ནག་ནང་བསྐྱོད་མཁན་གྱི་འགྲུལ་པའམ་ཡང་ན་གཉེན་འཕྲད་དུ་བསྐྱོད་མཁན་སོགས་རྒྱ་ནག་གི་ནང་དུ་འཛུལ་ཞུགས་བྱེད་པའི་འགག་སྒོ་ཁག་ནང་འཛུལ་མཁན་ཚོའི་ལག་ཐོག་ཁ་པར་དང་གློག་ལས་འཕྲུལ་ཆས།  གློག་ལས་ཡིག་འགྲུལ་དང་།  ཡིག་ཆ།  བརྙན་པར་སོགས་གློག་ལས་འཕྲུལ་ཆས་བརྒྱུད་ནས་བེད་སྤྱོད་བྱེད་པའི་གནས་ཚུལ་ཐ་དག་སྔོག་བཤེར་གྱིས་ཕྱིར་བསྡུ་དང་བརྟག་དཔྱད་བྱ་རྒྱུའི་དབང་ཚད་སྤྲད་ཡོད་པ་གསལ་འདུག་ལ།    སྔོག་བཤེར་བརྟག་དཔྱད་བྱེད་མཁན་ཡང་ལག་འཁྱེར་ལྡན་པའི་ཉེན་རྟོག་པ་གཉིས་ཡན་གྱིས་བྱ་དགོས་པའི་སྐོར་བཀོད་ཡོད་འདུག  འོན་ཀྱང་གཏན་འབེབས་ཡིག་ཆ་དེའི་ནང་ཉེན་རྟོག་པས་བརྟག་དཔྱད་བྱེད་རྒྱུ་དེ་ཡང་དོགས་ཡོད་མི་སྣའི་གཞི་རྕའི་གནས་ཚུལ་དང་དེ་དག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་མེད་ཤེས་རྟོགས་ཡོང་ཆེད་ཡིན་ལུགས་བཀོད་ཡོད་འདུག  

སྤྱིར་དེང་སྐབས་རྒྱ་ནག་ནང་བསྐྱོད་སྐབས་རྒྱ་ནག་གི་ས་མཚམས་སྲུང་སྐྱོབས་ཉེན་རྟོག་པས་འགྲུལ་བཞུད་པའི་ཁ་པར་དང་དངོས་ཟོག་ལ་ཞིབ་བཤེར་བྱེད་རྒྱུ་དོ་ནན་དུ་བཏང་ཡོད་པ་མིང་མཐོང་ལག་ཟིན་བྱུང་པའི་མི་སྣས་བརྗོད་བཞིན་ཡོད་ཅིང་། ལྷག་པར་བོད་མི་དང་ཡུ་གུར་མི་རིགས་ཚོར་དམིགས་བསལ་དོགས་གཞི་ཆེན་པོ་བྱས་ཏེ་ཞིབ་བཤེར་ནན་པོ་བྱས་པ་དང་མཉམ་འཁྱེར་དངོས་ཟོག་ལ་སྔོག་བཤེར་དོ་ནན་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་བྱུང་།།

གསར་འགོད་པ། འཆི་མེད། 

རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org