རྒྱ་ནག་གཞུང་གིས་བལ་ཡུལ་བརྒྱུད་བོད་ནང་ཡུལ་སྐོར་དུ་འགྲོ་མཁན་ཚོའི་མཐོང་མཆན་ཞུ་བར་དམ་དྲགས་ཆེ་རུ་བཏང་ཡོད་འདུག
བོད་ནང་འགྲོ་སྐྱོད་ཀྱི་ཆ་རྐྱེན་ཁག་ནང་འདི་ལོ་ནས་བལ་ཡུལ་བརྒྱུད་བོད་ནང་ཡོང་བར་མ་མཐའ་ཡང་མི་སྣ་༤ལས་གྲུབ་པའི་ཚོགས་ཆུང་ལ་ཡུལ་སྐོར་མཐོང་མཆན་སྤྲོད་ཀྱི་ཡོད་པ་དང་། མཐོང་མཆན་ཞུ་བར་བལ་ཡུལ་ནང་ངེས་པར་དུ་དོ་བདག་སོ་སོ་བདུན་ཕྲག་གཅིག་གི་སྔོན་ནས་འབྱོར་དགོས་པ་།
- 2023-05-18
-
-
-
Your browser doesn’t support HTML5 audio
ཏོག་དབྱིབས་རིམས་ནད་རྗེས་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༤པ་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་གི་མི་སྣ་བོད་ནང་ཡོང་བར་སྒོ་ཕྱེས་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ད་ལྟའི་ཆར་བལ་ཡུལ་བརྒྱུད་བོད་ནང་འགྲོ་སྐྱོད་མཁན་ཕྱི་རྒྱལ་བ་ཚོར་རྒྱ་ནག་གཞུང་གིས་ལམ་ལུགས་གསར་བ་ཁག་ཅིག་གསར་དུ་བཟོས་ཡོད་པ་དང་། དཔེར་ན། བོད་ནང་འགྲོ་སྐྱོད་ཀྱི་ཆ་རྐྱེན་ཁག་ནང་འདི་ལོ་ནས་བལ་ཡུལ་བརྒྱུད་བོད་ནང་ཡོང་བར་མ་མཐའ་ཡང་མི་སྣ་༤ལས་གྲུབ་པའི་ཚོགས་ཆུང་ལ་ཡུལ་སྐོར་མཐོང་མཆན་སྤྲོད་ཀྱི་ཡོད་པ་དང་། མཐོང་མཆན་ཞུ་བར་བལ་ཡུལ་ནང་ངེས་པར་དུ་དོ་བདག་སོ་སོ་བདུན་ཕྲག་གཅིག་གི་སྔོན་ནས་འབྱོར་དགོས་པ་དང་། དེའི་རྗེས་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་དུ་ཆེད་སྐྱོད་ཀྱིས་བཅར་འདྲི་དང་ལེན་དང་མཛུབ་ཐེལ་མཁོ་སྤྲོད་དགོས་པ། བོད་ནང་གི་ཡུལ་སྐོར་སྤྲོ་འཆམ་ཚོང་གཉེར་ཁང་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ལམ་ལུགས་གསར་བ་དེ་རྒྱ་ནག་གཞུང་གིས་གཏན་འབེབ་བྱས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ཕྱིའི་མི་སྣ་ཚོ་བོད་ནང་འགྲོ་སྐྱོད་ཐད་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ཏུ་སྐྱོད་པའི་མཐོང་མཆན་རག་པ་ཙམ་གྱིས་མི་ཆོག་པར། བོད་ནང་འགྲོ་བར་དམིགས་བསལ་གྱིས་མཐོང་མཆན་ཡིག་ཆ་ཞུ་དགོས་པ་དང་། ཡང་བལ་ཡུལ་རྒྱལ་ས་ཀ་ཐི་མན་ཊོ་ནང་རྟེན་གཞི་བྱས་པ་ཐ་མིལ་(Thamel Tours and Travel)ནས། དེང་སྐབས་བོད་ནང་འགྲོ་བར་མཐོང་མཆན་ཞུ་ཆེད་མི་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་སྔར་དང་བསྡུར་ན་ཤུགས་ཆེར་བྱེད་བཞིན་པ་དང་། དཔེར་ན། དོ་བདག་དེ་ཆུང་དུས་རྒྱལ་ཁབ་དེའི་སློབ་གྲྭ་གང་དུ་ཕྱིན་ཡོད་སོགས་དང་བོད་ནང་དུ་ཡུལ་སྐོར་བྱེད་པར་ས་གནས་གང་དུ་འགྲོ་སྐྱོད་བྱེད་མིན་སོགས་མཁོ་སྤྲོད་དགོས་སྐོར་བརྗོད་སོང་།
དེ་སྔ་ཡིན་ན་བོད་ནང་འགྲོ་སྐྱོད་མཁན་ཕྱི་མི་ཚོས་མཐོང་མཆན་ཞུ་བར་བལ་ཡུལ་ནང་གི་ཡུལ་སྐོར་ཚོང་གཉེར་ཁང་ཁག་གིས་བཟོས་ཏེ། མི་སྒེར་ཡོང་མི་དགོས་པར་ཉིན་གཉིས་ནང་སྤྲོད་ཀྱི་ཡོད་ན་ཡང་། འདི་ལོ་ནས་མི་སྒེར་དངོས་སུ་ཡིག་ཆ་བཟོ་སྒྲུབ་ཆེད་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་དུ་བཅར་དགོས་པ་དང་། ཆོག་མཆན་སྤྲོད་རྒྱུར་ཉིན་གྲངས་ལྔ་ལ་མི་སྒེར་གྱི་རྒྱལ་ཁོངས་དང་ཞིབ་ཕྲའི་གནས་ཚུལ་ལ་ཞིབ་བཤེར་སོགས་བྱས་ཏེ་སྤྲོད་ཀྱི་ཡོད་པ་དང་། ཡང་བལ་ཡུལ་དུ་རྟེན་གཞི་བྱས་པའི་ཡུལ་སྐོར་ཚོང་གཉེར་ཁང་གཞན་ཞིག་ནས་ལམ་ལུགས་གསར་བ་དེས་བོད་ནང་འགྲོ་རྒྱུར་དེ་སྔ་ལས་ཆ་རྐྱེན་མང་རུ་དང་དམ་དྲགས་ཆེ་རུ་བཏང་ཡོད་ན་ཡང་། ད་ལྟའི་ཆར་ཡུལ་སྐོར་ཚོང་གཉེར་ཁང་དེ་བརྒྱུད་བོད་ནང་འགྲོ་སྐྱོད་ཆེད་བལ་ཡུལ་ནས་དངོས་སུ་ཡིག་ཆ་ཕྱིར་སློག་བྱས་ཡོད་པ་ཕྱི་རྒྱལ་མི་སྣ་གཅིག་ལས་བྱུང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
སྤྱིར་བོད་ནང་ཐོང་མཆན་ཞུ་བར་རྒྱ་ནག་གཞུང་གིས་དེ་སྔ་ནས་ཕྱི་རྒྱལ་མི་སྣ་ཚོར་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། ལམ་ལུགས་གསར་བ་དེ་དང་འབྲེལ། འདི་ལོའི་ཕྱི་ཟླ་༣ཚེས་༣༡ཉིན་རྒྱ་ནག་གཞུང་འབྲེལ་རིག་གནས་དང་ཡུལ་སྐོར་བློན་ཆེན་ལས་ཁུངས་ནས། རྒྱ་ནག་གི་ཡུལ་སྐོར་ཚོང་གཉེར་ཁང་ཁག་གིས་ལམ་ལུགས་གསར་བ་དེ་ངེས་པར་ལག་བསྟར་འཐུས་ཚང་དང་། རིམས་ནད་རིགས་ཁྱབ་གདལ་མི་འགྲོ་ཆེད་ཚོགས་ཚུང་བྱས་ཏེ་རྒྱ་ནག་ནང་ཡུལ་སྐོར་མཁན་ཚོར་དོ་དམ་ནན་མོ་དང་། ཡུལ་སྐོར་བའི་འགྲོ་ལུགས་འཐུས་ཤོར་མེད་པར་བསྒྲུབ་དགོས་པ་དང་། ལམ་ལུགས་དེ་ནི་རྒྱ་ནག་གི་ཡུལ་སྐོར་ཁྲོམ་རྭ་ཡག་པོ་ཡོང་ཆེད་ཡིན་སྐོར་སོགས་བཀོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།