བལ་ཡུལ་ཉེན་རྟོག་པས་བོད་མི་༤༡་འཇུ་བཟུང་བྱས་འདུག

བལ་ཡུལ་གྱི་ཉེན་རྟོག་པས་བོད་མི་མི་གྲངས་༤༡་སྤྱི་སྤྱོད་རླངས་འཁོར་ཞིག་ནས་འཇུ་བཟུང་བྱས་འདུག

བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་བའི་བོད་མི། ༢༠༡༦།༡༡།༡༤ དྲ་བཤུས། imagekhabar.com

བལ་ཡུལ་གྱི་ཉེན་རྟོག་པས་བོད་མི་མི་གྲངས་༤༡་སྤྱི་སྤྱོད་རླངས་འཁོར་ཞིག་ནས་འཇུ་བཟུང་བྱས་འདུག
དེ་ཡང་འདི་གའི་གསར་འགོད་པ་ཚེ་བརྟན་གྱིས་གནས་ཚུལ་བཏང་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༡༤་ཉིན་བལ་ཡུལ་གྱི་མཐའ་མཚམས་ཀེ་ལཱ་ལེ་རྫོང་ས་གནས་ཉེན་རྟོག་པས་ཀེ་ལཱ་ལེ་རྫོང་ཁོངས་(DHANGADI)་ས་གནས་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྐྱོད་བཞིན་པའི་བོད་མི་མི་གྲངས་༤༡་ལ་བལ་ཡུལ་ནང་ཁྲིམས་མཐུན་གྱི་འགྲོ་བསྐྱོད་ཆོག་པའི་ལག་འཁྱེར་སོགས་གང་ཡང་མེད་ཚུལ་གྱིས་འཛིན་བཟུང་བྱས་ཏེ། ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མཎ་ཀྲོའུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་ཁྲིད་ཡོད་པ་རེད།
བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་བཟང་པོ་ལགས་ཀྱིས་བརྗོད་དོན། བོད་མི་དེ་ཚོར་ཉེན་རྟོག་པས་འདྲི་རྩད་སྐབས་ལག་འཁྱེར་དམིགས་བསལ་གང་སྟོན་རྒྱུ་མེད་ཙང་འཇུ་བཟུང་བྱས་འདུག ད་ཆ་ཁོང་ཚོ་རྒྱལ་སའི་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲོད་ཆེད་ལམ་བར་ན་ཡོད་པ་དང་། ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་འབྱོར་མཚམས་ལག་འཁྱེར་ཡོད་མེད་དང་ཁྲིམས་འགལ་ཡིན་མིན་ལ་བལྟས་ནས་ཐག་གཅོད་བྱེད་སྲོལ་སྔ་མ་ནས་ཡོད་པ་རེད་བརྗོད་འདུག
གནས་ཚུལ་ལྟར་ན། བོད་མི་དེ་ཚོ་མང་ཆེ་བ་བོད་ནས་བལ་ཡུལ་ནང་གནས་སྐོར་ལ་འབྱོར་བའི་བོད་མི་ཡིན་པ་དང་། འཇུ་བཟུང་སྐབས་ཁོང་ཚོ་རྒྱ་གར་ནང་གི་གནས་ཆེན་རྡོ་རྗེ་གདན་དང་། ཝ་ར་ཎཱ་སི་སོགས་ལ་གནས་མཇལ་དུ་བསྐྱོད་བཞིན་པ་ཉེན་རྟོག་པར་བརྗོད་འདུག

གསར་འགོད་པ་ཀེ་ཐོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org