བལ་ཡུལ་གྱི་ཉེན་རྟོག་པས་རྒྱལ་པོའི་ལམ་ལུགས་སླར་གསོ་བྱེད་འདོད་ཡོད་པའི་ངོ་རྒོལ་བ་འགོག་རྒོལ་ཐུབ་ཡོད་པ་རེད།

བལ་ཡུལ་གྱི་ཉེན་རྟོག་པས་རྒྱལ་པོའི་ལམ་ལུགས་སླར་གསོ་བྱེད་འདོད་ཡོད་པའི་ངོ་རྒོལ་བ་འགོག་རྒོལ་ཐུབ་ཡོད་པའི་གནས་ཚུལ།

བལ་ཡུལ་ནང་རྒྱལ་པོའི་ལམ་ལུགས་སླར་གསོ་བྱེད་དགོས་པའི་ངོ་རྒོལ།

དེ་ཡང་རོའེ་ཊར་སི་གསར་ལས་ཁང་གིས་ཟླ ༡༡ པའི་ཚེས ༢༣ ཉིན་བལ་ཡུལ་གྱི་རྒྱལ་ས་ཀཊ་མན་ཌུ་ནས་སྤེལ་པའི་གནས་ཚུལ་ནང་། བལ་ཡུལ་གྱི་ཉེན་རྟོག་པས་རེས་གཟའ་ཕུར་བའི་ཉིན་དབྱུག་པ་དང་མིག་ཆུ་འདོན་བྱེད་འབར་འདེལ། ཆུ་བོའུ་སོགས་སྤྱད་ནས་ལོ་བཅོ་ལྔའི་ཡང་སྔོན་རྩ་རྫོགས་བྱས་ཟིན་པའི་རྒྱལ་པོའི་ལམ་ལུགས་སླར་གསོ་བྱེད་དགོས་ཟེར་མཁན་ངོ་རྒོལ་བ་སྟོང་ཕྲག་འགའ་ཁ་འཐོར་དུ་གཏོར་ཐུབ་ཡོད་པ་རེད།
དེ་ཡང་བལ་ཡུལ་་མི་དམངས་ཀྱི་ལས་འགུལ་ཟེར་བའི་ངོ་རྒོལ་བས་མའོ་ཚོགས་པའི་ཟིང་འཁྲུག་མཚམས་བཞག་པའི་གྲོས་མཐུན་གྱི་ཆ་ཤས་ཆགས་པའི་རྒྱལ་པོའི་ལམ་ལུགས་མེད་པར་བཏང་རྗེས། བལ་ཡུལ་རྒྱལ་ཁབ་དེ་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་དམ་བཅའ་དེ་གྲུབ་ཐུབ་མེད་ལུགས་འགྲེལ་བརྗོད་གནང་འདུག
ངོ་རྒོལ་གྱི་ལས་འགུལ་དེ་དངོས་སུ་མཐོང་མཁན་ཚོས་ཟེར་ན་ངོ་རྒོལ་རྒྱག་མཁན་ཚོས་རྒྱལ་ས་ཀཊ་མན་ཌུའི་གྲོང་ཁྱེར་གྱི་མཐའ་ཡི་ལམ་འགོག་གཏོར་པ་མ་ཟད། གྲོང་ཁྱེར་གྱི་དཀྱིལ་དུ་་ངོ་རྒོལ་གོམ་བགྲོད་བྱ་རྩིས་ཀྱི་སྐབས་སུ་ཟིང་འཁྲུག་ཞོད་འཇག་གཏོང་མཁན་གྱི་་ཉེན་རྟོག་པས་གཏོར་རྒོལ་བྱས་ལུགས་འགྲེལ་བརྗོད་བྱས་འདུག
བལ་ཡུལ་གྱི་རྒྱལ་ས་ཀཊ་མན་ཌུ་གྲོང་ཁྱེར་གཞུང་གི་དཔོན་རིགས་པཱ་སི་ན་ཐི་ཡིས་ཉེན་རྟོག་པས་ཁྲིམས་མེད་ལུང་མེད་ཀྱི་ངོ་རྒོལ་རུ་ཁག་ཅིག་འགོག་ཐབས་བྱས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག ཀཊ་མན་ཌུ་གྲོང་ཁྱེར་གྱི་དཀྱིལ་དུ་ངོ་རྒོལ་བྱེད་མི་ཆོག་པ་གཏན་འབེབས་བྱས་ཡོད་པ་རེད།
པཱ་སི་ན་ཐི་ཡིས་ངོ་རྒོལ་བས་རྡོ་སོགས་བརྒྱབས་ནས་ཉེན་རྟོག་པ་འགའ་ལ་རྨས་སྐྱོན་ཕོག་ཡོད་པ་འགྲེལ་བརྗོད་གནང་འདུག
མི་དམངས་ལས་འགུལ་གྱི་འབྲེལ་མཐུད་བ་ཕར་སོལ་གྱིས་ངོ་རྒོལ་བ་བཅུ་ལ་རྨས་སྐྱོན་ཕོག་པ་དང་དེའི་ནང་ནས་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་འགྲེལ་བརྗོད་བྱས་འདུག ཁོང་གིས་མུ་མཐུད་ནས་བཤད་རྒྱུར།
ང་ཚོར་སྤྱི་མཐུན་རྒྱལ་ཁབ་ལམ་ལུགས་མེད་པར་བཏང་ནས་རྒྱལ་པོའི་ལམ་ལུགས་སླར་གསོ་བྱེད་རྒྱུའི་རེ་བ་ཡོད་ཅེས་འགྲེལ་བརྗོད་བྱས་པ་མ་ཟད། ཁོང་ཚོས་མུ་མཐུད་ནས་དམིགས་ཡུལ་དེ་བསྒྲུབ་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་ལ། ཟླ་འདིའི་ཚེས ༢༤འི་ཉིན་ཡུལ་མི་ས་ཡ་བཞི་ཡོད་པའི་ཀཊ་མན་ཌུ་གྲོང་ཁྱེར་དུ་ལས་མཚམས་བཞག་ནས་ངོ་རྒོལ་བྱེད་རྒྱུར་འབོད་སྐུལ་བྱས་འདུག
༢༠༠༨ ལོར་དམིགས་བསལ་འོས་འདེམས་ལས་བྱུང་བའི་གྲོས་ཚོགས་ཀྱིས་མི་ལོ ༢༣༩འི་ལོ་རྒྱུས་ཅན་གྱི་བལ་ཡུལ་གྱི་རྒྱལ་པོའི་ལམ་ལུགས་མཇུག་བསྡོམས་ནས། ༡༩༩༦ ལོ་ནས ༢༠༠༦ བར་ཡུལ་མི ༡༧༠༠༠ གི་ཚེ་སྲོག་ཤོར་བའི་མའོ་ཚོགས་པའི་གྱེན་ལོག་དེ་་མཇུག་བསྡུས་པ་དང་མཉམ་དུ་རྒྱལ་ཕྲན་སྤྱི་མཐུན་རྒྱལ་ཁབ་གསར་དུ་བཙུགས་པ་རེད།
རྒྱལ་པོའི་ལམ་ལུགས་མེད་པར་བཏང་བའི་རྗེས་བལ་ཡུལ་གྱི་ཆབ་སྲིད་མ་བརྟན་པར་གཞུང་འཛིན་ཐེངས་བཅུ་གྲངས་ཤིག་ལ་བརྗེ་སྤོར་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་འགོག་རྐྱེན་ཐེབས་ནས་བལ་ཡུལ་གྱི་གཞོན་སྐྱེས་ས་ཡ་འགའ་མ་ལེ་ཤི་ཡ་དང་ལྷོ་ཀོ་རེ་ཡ། དཀྱིལ་ཤར་སོགས་སུ་སོང་ནས་ལས་ཀ་འཚོལ་དགོས་བྱུང་འདུག ད་ལྟའི་སྲིད་བློན་དེ་མོའོ་གྱེན་ལོག་ཤོག་ཁའི་དབུ་ཁྲིད་པ་ཆིར་ཏ་ཞེས་པ་ཁོང་ཡིན་ཞིང་། བལ་ཡུལ་གྱི་རྒྱལ་པོ་མཐའ་མ་Gyanendraཁོང་མི་དམངས་དཀྱུས་མ་བྱས་ནས་རྒྱལ་ས་ཁུལ་དུ་ནང་མི་ལྷན་དུ་བཞུགས་ཡོད་འདུག།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org