བལ་ཡུལ་ཉེན་རྟོག་པས་ངོ་རྒོལ་བའི་ཐོག་མེ་མདའ་རྒྱབ་པ།
བལ་ཡུལ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་མི་ལྔ་རྐྱེན་ལམ་དུ་བཏང་ཡོད་འདུག
-
2015-09-02 -
-
-
བལ་ཡུལ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་མི་ལྔ་རྐྱེན་ལམ་དུ་བཏང་ཡོད་འདུག
དེ་ཡང་ཚེས༡་གཟའ་མིག་དམར་ཉིན་བལ་ཡུལ་ལྷོ་ཕྱོགས་ཁུལ་གྱི་Birgunjདང་། Kalaiyaཞེས་པའི་ས་ཁུལ་དུ་ཉེན་རྟོག་མི་སྣ་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་དབར་འཁོན་འཁྲུག་བྱུང་བའི་འོག་ཉེན་རྟོག་མི་སྣས་མེ་མདའ་རྒྱབ་པར་བརྟེན་སྔ་རྗེས་སུ་མི་གྲངས་ལྔ་ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག
ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དེ་དག་ནི་བལ་ཡུལ་དང་རྒྱ་གར་ས་མཚམས་སུ་འཁེལ་བའི་ Madhesiམི་རིགས་ཀྱི་United Democratic Madhesiཞེས་པའི་ཚོགས་པའི་ཚོགས་མི་དང་། ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པ་དང་། ཁོང་ཚོས་གཞུང་གིས་ས་གནས་སུ་དམ་བསྒྲགས་ཀྱི་ཁྲིམས་གཞི་གསལ་བསྒྲགས་བྱས་ཡོད་པ་དེར་བརྩི་མེད་བཏང་ནས་ལས་འགུལ་སྤེལ་བ་ཞིག་ཡིན་པའི་སྐོར་བཀོད་འདུག
འདས་གྲོངས་གྱུར་བའི་མི་ལྔ་པོ་དེ་དག་ནི་ལོ་ཉི་ཤུ་དང་སུམ་ཅུ་སོན་པའི་གཞོན་པ་ཤ་སྟག་ཡིན་འདུག ཕྱོགས་མཚུངས་ཉེན་རྟོག་མི་སྣར་ཡང་ཕར་རྒོལ་འོག་ནས་རྨས་སྐྱོན་ཕོག་མཁན་ཡང་བྱུང་ཡོད་པ་རེད།
ལོ་འདིའི་ཕྱི་ཟླ་བཞི་པའི་ནང་བལ་ཡུལ་ཁྱོན་ཡོངས་སུ་ཤིན་ཏུ་ཚབས་ཆེའི་ས་ཡོམ་གྱི་གོད་ཆགས་འོག་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། སྡོད་ཁང་ས་ཡ་འགའ་ཤས་ལ་དོ་ཕོག་ཐེབས་པ་སོགས་ཀྱི་ཡུལ་ནང་རྐྱེན་ངན་གོད་ཆགས་ཚབས་ཆེ་ཕོག་ཡོད་ཀྱང་། དེའི་རྗེས་སུ་གྲོས་ཚོགས་ནས་རྩ་ཁྲིམས་ཟིན་བྲིས་བཟོ་རྒྱུའི་ལས་དོན་གང་འཚམས་ཤིག་འགྲིག་པ་ལྟབུ་ཆགས་ཡོད་པ་རེད། འོན་ཀྱང་ད་རེས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དེ་དག་མང་ཆེ་བ་བལ་ཡུལ་ནང་གི་གྲངས་ཉུང་མི་རིགས་ཡིན་པ་དང་། ཁོང་ཚོའི་ཐོབ་ཐང་དང་། འཐུས་མིའི་གྲངས་ཚད་སོགས་ལ་རྩ་ཁྲིམས་ཟིན་བྲིས་དེའི་ནང་ཆེས་ཉུང་དྲག་པ་དང་། ཡང་ན་ཐོབ་ཐང་དགོས་ངེས་ཤིག་དང་འདོད་བློ་ཁེངས་པ་ཞིག་མེད་ལུགས་བཤད་ནས་དྲང་པོ་བྱུང་མེད་པའི་རྣམ་འགྱུར་བསྟན་ནས་ལས་འགུལ་སྤེལ་གྱི་ཡོད་པ་ཞིག་ཡིན་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།