རྩ་ཁྲིམས་གསར་བ་གཏན་འབེབས་བྱ་རྒྱུའི་ཐད་འོས་ཤོག་བླུགས་རྒྱུ།

བལ་ཡུལ་གྱིས་ཡུལ་དེའི་རྩ་ཁྲིམས་གསར་པ་གཏན་འབེབས་བྱ་རྒྱུའི་ཐད་གྲོས་ཚོགས་ནང་འོས་ཤོག་བླུགས་རྒྱུ་ཡིན་འདུག

བལ་ཡུལ་གྲོས་ཚོགས་ནང་རྩ་ཁྲིམས་གསར་བཟོ་ཐད་མ་མཐུན་རྩོད་པ་བྱུང་སྐབས། ༢༠༡༥།༡།༢༣ AFP

བལ་ཡུལ་གྱིས་ཡུལ་དེའི་རྩ་ཁྲིམས་གསར་པ་གཏན་འབེབས་བྱ་རྒྱུའི་ཐད་གྲོས་ཚོགས་ནང་འོས་ཤོག་བླུགས་རྒྱུ་ཡིན་འདུག  
དེ་ཡང་བལ་ཡུལ་ནང་རྒྱལ་པོས་སྐྱོང་བའི་གཞུང་འཛིན་ལམ་ལུགས་མེད་པར་གྱུར་བའི་རྗེས། དམངས་གཙོའི་རྩ་ཁྲིམས་ཤིག་གཏན་འབེབ་བྱ་དགོས་ཀྱི་ཡོད་ཀྱང༌། རྒྱལ་པོའི་གཞུང་འཛིན་ལམ་ལུགས་དེ་སྔ་ཕྱི་ལོ་༢༠༠༨ལོར་མེད་པ་ཆགས་པ་ནས་བཟུང་ད་བར་རྩ་ཁྲིམས་གསར་པ་གཏན་འབེབས་བྱེད་མཁན་གྱི་གྲོས་ཚོགས་ཐེངས་འགའ་ཤས་བསྐོ་འདེམས་བྱས་ཀྱང༌། ཡུལ་དེའི་ཆབ་སྲིད་ཚོགས་པ་ཁག་གི་དབར་བལ་ཡུལ་གྱི་མ་འོངས་པའི་ཆབ་སྲིད་ལམ་ལུགས་དེ་ཇི་འདྲ་ཞིག་བཟོ་དགོས་མིན་དང༌། དེ་བཞིན་མངའ་སྡེ་ཆ་བགོས་བྱེད་ཕྱོགས་སོགས་ཀྱི་ཐད་བསམ་ཚུལ་མ་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་པའི་རྐྱེན་གྱིས། དེ་སྔའི་གྲོས་ཚོགས་ནས་རྩ་ཁྲིམས་གཏན་འབེབས་བྱེད་མ་ཐུབ་པ་མ་ཟད། ད་ཡོད་ཀྱི་གྲོས་ཚོགས་ལའང་འདི་ཚེས་༢༢ ནང་ཚུད་རྩ་ཁྲིམས་གཏན་འབེབས་བྱ་རྒྱུའི་ལས་འགན་སྤྲད་ཡོད་ཀྱང་དེ་ལྟར་བྱེད་ཐུབ་མེད་པར་བརྟེན། འདི་ཚེས་༢༥ཉིན་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་Subash Nembangགྱིས། རྩ་ཁྲིམས་གཏན་འབེབས་བྱ་ཕྱོགས་ཐད་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་ཁག་གི་དབར་གྲོས་མོལ་གྱི་ཐོག་ནས་བསམ་ཚུལ་རྩེ་མཐུན་ཡོང་བཟོ་མེད་སྟབས། བལ་ཡུལ་གྱི་ཕྱོགས་འགལ་ཚོགས་པ་ཁག་གིས་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་ཡོད་པར་མི་ལྟོས་པར་ད་ཆ་ཁོང་གིས་རྩ་ཁྲིམས་ཟིན་བྲིས་ཐོག་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པས་འོས་ཤོག་འཕང་བཅུག་རྒྱུའི་ཐག་གཅོད་གནང་བ་ཡིན་ཞེས་གསུང་འདུག་ཀྱང༌། འོས་བསྡུ་ག་དུས་བྱེད་འཆར་ཡོད་མིན་གྱི་ཚེས་གྲངས་གསལ་བསྒྲགས་གནང་མེད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org