ནང་ཆེན་ཕྱོགས་སུ་བོད་རིགས་སློབ་མ་གསབ་ཁྲིད་ལ་ཞུགས་མི་ཐུབ་པའི་དཀའ་ངལ།
རྒྱ་ནག་གཞུང་གི་བཀག་སྡོམ་སྲིད་ཇུས་ལ་བརྟེན་ནང་ཆེན་ཕྱོགས་སུ་བོད་རིགས་སློབ་མ་གསབ་ཁྲིད་ལ་ཞུགས་མཁན་ཁ་གྲངས་ཇེ་ཉུང་དུ་སོང་འདུག
-
2019-02-04 -
-
-
རྒྱ་ནག་གཞུང་གི་བཀག་སྡོམ་སྲིད་ཇུས་ལ་བརྟེན་ནང་ཆེན་ཕྱོགས་སུ་བོད་རིགས་སློབ་མ་གསབ་ཁྲིད་ལ་ཞུགས་མཁན་ཁ་གྲངས་ཇེ་ཉུང་དུ་སོང་འདུག
ལོ་ལྟར་དགུན་ཁ་ཟླ་གཉིས་ཀྱི་གུང་སེང་རིང་བོད་ཀྱི་ཁམས་ནང་ཆེན་རྫོང་གི་ས་གནས་དགོན་སྡེ་ཁག་གིས་བོད་རིགས་སློབ་མ་ཚོར་བོད་ཡིག་ཟབ་འཁྲིད་འཛིན་གྲྭ་རིན་མེད་ཀྱི་ཐོག་ནས་གནང་བཞིན་པ་འདས་པའི་ལོ་འགའ་ཤས་རིང་དར་སྲོལ་ཆེན་པོ་ཆགས་ཡོད། འོན་ཀྱང་འདི་ལོའི་དགུན་ཁར་རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་ཡིག་ཟབ་འཁྲིད་འཛིན་གྲྭ་ཚོགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ལོ་ཤས་ནང་ཁམས་ནང་ཆེན་རྫོང་དུ་བོད་རིགས་སློབ་མ་༡༠༠༠-༡༥༠༠ཙམ་བོད་ཡིག་ཟབ་འཁྲིད་འཛིན་གྲྭའི་ནང་ཞུགས་ཀྱི་ཡོད་འདུག་པ་དང་། ཁོང་ཚོར་ཉེ་འཁོར་གྱི་དགོན་པ་ཁག་གིས་དངས་བླངས་དགེ་འདུན་པ་དང་རྒན་ཡོལ་ཞུས་པའི་དགེ་རྒན་ཚོས་བོད་ཀྱི་སྐད་ཡིག་དང་། སྙན་ངག་སོགས་སློབ་འཁྲིད་གནང་གི་ཡོད་འདུག་ཅིང་། འཛིན་གྲྭ་དེ་དག་ནི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་རྩ་བ་མེད་ཅིང་དེ་ནི་སློབ་མ་ཚོའི་ཤེས་ཡོན་ཁོ་ནའི་དོན་དུ་རེད་ལ་སློབ་མ་དེ་དག་མང་ཆེ་བ་རྒྱ་མིའི་སློབ་གྲྭ་ཁག་ནང་བསྐྱོད་བཞིན་པའི་བོད་རིགས་སློབ་མ་ཡིན་འདུག
བོད་ཡིག་ཟབ་འཁྲིད་འཛིན་གྲྭ་བཀག་སྡོམ་གྱི་སྲིད་ཇུས་དེ་སྤྱི་ལོ་༢༠༡༥ལོ་ཙམ་ནས་འགོ་འཛུགས་ཀྱིས་རིམ་བཞིན་དོ་དམ་ཆེ་རུ་བཏང་འདུག་ཅིང་། ཕྱི་ལོ་ ༢༠༡༦ལོའི་སྤྱི་ཟླ་༡པོའི་ནང་བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས་བོད་ཕྲུག་ཚོར་བོད་ཡིག་སློབ་འཁྲིད་དགོས་པའི་འབོད་སྐུལ་རྒྱ་ནག་སྲིད་གཞུང་ལ་དགོས་འདུན་བཏོན་པའི་རྐྱེན་གྱིས་ཁོང་འཛིན་བཟུང་བྱས་ནས་ལོ་གཉིས་རྗེས་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམ་ཁང་གིས་མི་ལོ་༥བཙོན་འཇུག་ཁྲིམས་ཐག་བཅད་པ་ནས་བཟུང་བོད་ཡིག་ཟབ་འཁྲིད་འཛིན་གྲྭ་ཚོགས་རྒྱུ་བཀག་བསྡོམས་བྱས་པ་དང་ད་ཆ་འཛིན་གྲྭའི་ནང་བོད་རིགས་སློབ་མ་བཅུ་གྲངས་ཙམ་ཡང་མཉམ་དུ་འཛོམས་མི་ཐུབ་པའི་གནས་སྟངས་ཁག་པོ་ཆགས་ཡོད་འདུག
གནས་སྟངས་དེ་ནང་ཆེན་གཅིག་པུ་ཙམ་མ་ཡིན་པར་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྫོང་ཁག་ཕལ་ཆེ་བར་བོད་ཡིག་ཟུར་འཁྲིད་འཛིན་གྲྭ་བཀག་བསྡོམས་བྱེད་ཀྱི་ཡོད་འདུག