ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ཨི་ཊ་ལི་རྒྱལ་ཁབ་ཀྱིས་ཆེ་བསྟོད་ཀྱི་གཟེངས་རྟགས།

ཨི་ཊ་ལིར་བཞུགས་མཁན་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ཨི་ཊ་ལིའི་རྒྱལ་ཁབ་ཀྱི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་འདུག

ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ཨི་ཊ་ལི་རྒྱལ་ཁབ་ཀྱིས་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་སྐབས། ༢༠༡༨།༩།༡༠ དྲ་བཤུས། grossetonotizie

ཨི་ཊ་ལིར་བཞུགས་མཁན་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ཨི་ཊ་ལིའི་རྒྱལ་ཁབ་ཀྱི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་འདུག
དེ་ཡང་ཨི་ཊ་ལིར་བཅའ་བཞུགས་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ཉེ་སྔོན་ཨི་ཊ་ལིའི་སྲིད་འཛིན་མཆོག་ནས་(Commander Order of Merit of the Italian Republic)ཞེས་ཨི་ཊ་ལིའི་མི་སེར་ཞིག་ལ་རྒྱལ་ཁབ་ཀྱི་ཆེ་བསྟོད་ཀྱི་མཚན་གནས་མཐོ་ཤོས་ཀྱི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་གནང་པ་བཞིན་ཕྱི་ཟླ་༩པའི་ཚེས༡༠ཉིན་ དངོས་སུ་གཟེངས་རྟགས་འབུལ་བཞེས་གནང་འདུག
ཨི་ཊ་ལིའི་(Tuscany)མངའ་ཁུལ་གྱི་ (Grosseto) མངའ་སྡེའི་ཁོངས་སུ་གཏོགས་པའི་(Acridosso) གྲོང་ཁྱེར་གྱི་གྲོས་སྡེ་ལས་ཁུངས་ཀྱི་ཚོགས་ཁང་ནང་མངའ་སྡེའི་སྤྱི་ཁྱབ་མཆོག་གིས་ཨི་ཊ་ལིའི་སྲིད་འཛིན་གྱི་སྐུ་ཚབ་ཞུས་སྟེ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་མཆོག་ལ་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་ཆེ་བསྟོད་མཚན་གནས་ཀྱི་གཟེངས་རྟགས་འབུལ་བཞེས་གནང་འདུག་ཅིང་(Commander Order of Merit of the Italian Republic)ཞེས་ ཆེ་བསྟོད་ཀྱི་མཚན་གནས་དེ་བཞིན་ཨི་ཊ་ལི་རྒྱལ་ཁབ་ནང་རྩོམ་རིག་དང་། སྒྱུ་རྩལ། དཔལ་འབྱོར། སྤྱི་ཚོགས་ཞབས་ཞུ། འགྲོ་བ་མིའི་བདེ་དོན། དེ་བཞིན་དུས་ཡུན་རིང་པོར་སྤྱི་མང་དང་དམག་དོན་ཐད་ཞབས་ཞུ་ཞུས་ཏེ་སྤྱི་ཚོགས་ལ་རླབས་ཆེན་གྱི་ཕན་པ་བསྒྲུབ་མཁན་བྱས་རྗེས་ཅན་ལ་ཆེ་མཐོང་ངོས་འཛིན་གྱི་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག
མཛད་སྒོའི་ཐོག་(Arcidosso) གྲོང་ཁྱེར་སྤྱི་ཁྱབ་(Jacopa Marini) ལགས་ཀྱིས་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་མཆོག་ནས་སྐུ་ཚེ་ཧྲིལ་པོ་ཆོས་ཕྱོགས་དང་ལྟ་གྲུབ་ཀྱི་དོན་སྙིང་ལ་གོ་རྟོགས་གཏིང་ཟབ་འཕེལ་བའི་མཐིལ་ཕྱིན་གྱི་ཞིབ་འཇུག་གནང་པའི་མཛད་རྗེས་དང་། དེ་བཞིན་མིའི་སེམས་བརྒྱུད་ལ་ཞི་བདེ་བག་ཕེབ་བསྐྲུན་ཐབས་ཀྱི་དགོངས་གཞི་ཁོ་ནའི་ཐོག་ནས་ཨི་ཊ་ལི་རྒྱལ་ཁབ་ནང་བཞུགས་གནང་མཛད་པ་དེ་རྒྱལ་ཁབ་ལ་ཆེ་མཐོང་ཞིག་ཡིན་པ་གསུངས་སྟེ་ཨི་ཊ་ལི་ཡི་སྲིད་འཛིན་མཆོག་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་འདི་ནམ་མཁའི་ནོར་བུ་རིན་པོ་མཆོག་ལ་ཕུལ་བ་དེར་ང་ཚོ་ཚང་མར་དགའ་སྤོབ་ཤིན་ཏུ་ཆེན་པོ་ཡོད་ཅེས་བསྔགས་བརྗོད་ཞུས་འདུག
ཨི་ཊ་ལི་བོད་རིགས་ཚོགས་པའི་ཚོགས་ཟུར་དཀོནམཆོག་སྦྱིན་པ་ལགས་ཀྱིས་(Commander order of merit) ཞེས་པའི་མཚན་གནས་དེ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ཕུལ་བར་ས་གནས་བོད་མིའི་ཚོགས་སྡེ་ཁག་ནས་རིན་པོ་མཆོག་ལ་དགའ་བསུའི་མཚམས་འདྲི་ཞུ་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་ཞལ་པར་ཐོག་གསུངས་ཡོད་པ་རེད།
མཁས་དབང་ནམ་མཁའི་ནོར་བུ་མཆོག་ནི་ཕྱི་ལོ་ ༡༩༣༨ ཟླ་ ༡༢ ཚེས་ ༨ ཉིན་དཀར་མཛེས་ཁུལ་སྡེ་དགེ་རུ་སྐུ་འཁྲུངས་ཞིང་། དགུང་ལོ་གསུམ་ཐོག་ཞེ་ཆེན་རབ་འབྱམས་ སྣང་མཛད་གྲུབ་པའི་རྡོ་རྗེས་ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་པ་དང་། ཕྱིས་སུ་བོད་ལ་དུས་འགྱུར་བྱུང་རྗེས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཤིང་།  ༡༩༦༠ ལོར་ཨི་ཊ་ལིར་བོད་རིག་པའི་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཏེ་བོད་སོག་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས་པ་དང་། ༡༩༨༡ ལོར་(Napolis) རུ་ རྫོགས་པ་ཆེན་པོའི་རིག་གནས་མཐུན་ཚོགས་ཞེས་པ་གསར་བཙུགས་དང་། ཕྱི་ལོ་ ༡༩༨༨ ལོར་ ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་ཞང་ཞུང་དཔེ་སྐྲུན་ཁང་། ༡༩༨༩ ལོར་རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཞིབ་འཇུག་ཁང་ཞེས་པ་བཅས་སྔ་རྗེས་གསར་བཙུགས་གནང་པར་མ་ཟད། ལྷག་པར་དུ་རིན་པོ་མཆོག་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབས་དར་སྤེལ་གྱི་མཛད་རྗེས་ནང་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་ཟི་ཡི་ཕྲེང་བ་དང་། གཏམ་མུ་ཏིག་ཕྲེང་བ། རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར་དང་། ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་། དེ་བཞིན་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཞེས་པ་སོགས་ཕྱག་དེབ་དུ་མ་བྲིས་རྩོམ་དང་དཔར་བསྐྲུན་གནང་ཡོད་པ་རེད༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org