ཉག་ཆུ་མར་རུ་མཚོ་གྲོང་སྡེའི་ཐང་འཇོར་ནགས་ཚལ་ལ་མེ་སྐྱོན་ཤོར་ནས་ཉིན་གསུམ་འགྲོ་བཞིན་ཡོད་ཀྱང་ད་དུང་མེ་གསོད་ཐུབ་མེད་པ།
ཐེངས་འདིར་མེ་སྐྱོན་ཤོར་སའི་ནགས་ཚལ་དེ་བཞིན་ཉག་ཆུ་རྫོང་ནས་ཆུ་ཚོད་༡ལྷག་གི་སར་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་མེ་གསོད་མཁན་བཏང་ཡོད་ན་ཡང་། མེ་ཤོར་ཚད་སྤྱི་ལེ་༡༥་ཙམ་ལ་མཆེད་བཞིན་ཡོད་པས།མེ་ཤུགས་ཆེན་པོ་དང་དུ་བ་སོགས་ཤུགས་ཆེར་འཕྱུར་བཞིན་ཡོད་པ།
- 2023-06-01
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༥ཚེས་༣༠ནས་བཟུང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་མར་རུ་མཚོ་གྲོང་སྡེའི་འཇོར་གྲོང་ཚོའི་རི་རྒྱུད་དུ་ཡོད་པའི་ནགས་ཚལ་ཁྲོད། གློ་བུར་མེ་སྐྱོན་ཆེན་པོ་ཤོར་ཏེ། ད་ལྟའི་ཆར་ཉིན་གྲངས་གསུམ་འགྲོ་བཞིན་ཡོད་ཀྱང་མེ་གསོད་ཐུབ་ཀྱི་མེད་པ་དང་། མེ་སྐྱོན་ཤོར་སའི་རི་ངོས་སུ་བྲག་དཀར་དགོན་པ་དང་གཤམ་དུ་ཐང་འཇོར་ཞེས་པའི་གྲོང་ཚོ་ཆུང་ཆུང་དུད་ཚང་༢༠ལྷག་ཡོད་པ་ཞིག་དང་། གྲོང་ཚོའི་མི་མང་དང་དགོན་པའི་ནང་གི་དགེ་འདུན་པ་ཚོ་རྒྱ་ནག་གཞུང་གིས་གནས་སྐབས་མེ་སྐྱོན་ལ་གཡོལ་དགོས་པའི་བཀོད་ཁྱབ་འོག་ས་གནས་གཞན་ལ་ཁྲིད་ཡོད་པས། མི་སྣ་ལ་ཤི་རྨས་བྱུང་མེད་པའི་སྐོར། བོད་ནང་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཐེངས་འདིར་མེ་སྐྱོན་ཤོར་སའི་ནགས་ཚལ་དེ་བཞིན་ཉག་ཆུ་རྫོང་ནས་ཆུ་ཚོད་༡ལྷག་གི་སར་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་མེ་གསོད་མཁན་བཏང་ཡོད་ན་ཡང་། མེ་ཤོར་ཚད་སྤྱི་ལེ་༡༥་ཙམ་ལ་མཆེད་བཞིན་ཡོད་པས།མེ་ཤུགས་ཆེན་པོ་དང་དུ་བ་སོགས་ཤུགས་ཆེར་འཕྱུར་བཞིན་ཡོད་པ་དང་། མེ་སྐྱོན་དེ་གང་འདྲ་བྱས་ཏེ་ཤོར་བའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ས་གནས་དེ་དག་རྒྱ་ནག་གཞུང་གིས་ནགས་ཚལ་སྲུང་སྐྱོབ་འོག་ཡོད་སྐོར་བརྗོད་ནས་མི་མང་ཤིང་ནགས་ཁྲོད་གང་བྱུང་འགྲོ་མི་བཅུག་པ་དང་། ད་ལྟའི་ཆར་བོད་ནང་དཔྱིད་ཀ་ཡིན་པས་ས་གཞི་ཡོངས་སུ་ལྗང་མདོག་ཅན་ཆགས་ཡོད་རྐྱེན། མེ་སྐྱོན་དེ་ལྟ་བུ་ཞིག་བྱུང་དགོས་དོན་མེད་པ་འགྲེལ་བརྗོད་གནང་གི་འདུག
ཉག་ཆུ་མར་རུ་གྲོང་ཚོའི་རི་མགོ་ཁག་ཏུ་ཤིང་ནགས་སྟུག་པོ་ཡོད་སྟབས་སེམས་ཅན་མང་པོ་འཚོ་གནས་དང་། ཤིང་རིགས་སྣ་ཚོགས་དང་ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་ཧ་ཅང་ཤུགས་ཆེ་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་དེས་དེ་སྔ་རྒྱ་ནག་གཞུང་གིས་ཉག་ཆུ་རྫོང་གི་ས་གནས་ཁག་ཅིག་ཏུ་རི་མགོར་ཤིང་གཅོད་འབྲེག་ཤུགས་ཆེར་བྱས་མྱོང་ཡོད་པ་དང་། ཕྱི་ལོ་༡༩༩༠ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ཁོང་གི་འབྲེལ་ཡོད་སློབ་མ་ཚོས། ཉག་ཆུ་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་། རྫོང་དང་ཁུལ་ཞིང་ཆེན་བཅས་སུ་ནགས་ཚལ་གཅོད་འབྲེག་མི་ཆོག་པའི་ཞུ་གཏུགས་རིམས་པར་ཞུས་འབྲས་སུ། ཤིང་ནགས་དང་རྩྭ་ཐང་མང་དག་ཅིག་མི་མང་ལ་བདག་སྟེ་སྲུང་སྐྱོབ་བྱེད་ཐུབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དགུན་དུས་བོད་ནང་གི་ནགས་ཚལ་ཤུགས་ཆེན་ཡོད་སའི་ས་ཁུལ་ཁག་ལ་མེ་སྐྱོན་བྱུང་བའི་གནས་ཚུལ་ལོ་ལྟར་འབྱུང་གི་ཡོད་པ་རེད་ལ། དཔེར་ན། ཕྱི་ལོ་༢༠༡༩ལོར་ཐེ་བོའི་སྟག་ར་ནགས་རིའི་ནང་མེ་སྐྱོན་ཆེན་པོ་ཤོར་ཏེ་ཁྱོན་ཉིན་མཚན་༩རིང་གསོད་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་པ་དང་། རྗེས་སུ་ས་གནས་ཡུལ་མི་ཚོས་རྒྱ་ནག་གཞུང་གིས་མེ་སྐྱོན་རྗེས་སུ་ཤིང་ནགས་གཅོད་འབྲེག་གིས་དབོར་འདྲེན་བྱས་སྐོར་བརྗོད་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་༢༠༡༦ལོར་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་ནགས་རི་ཞིག་ཏུ་མེ་སྐྱོན་ཆེན་པོ་བྱུང་བར་ས་གནས་སྲིད་གཞུང་གི་མི་སྣ་ཚོས་མེ་གསོད་ཐབས་མ་བྱས་པར་བརྟེན། ཉིན་ཞག་༦ལྷག་རིང་མེ་མཚམས་མ་ཆད་པར་འབར་ཏེ་ཤིང་ནགས་དང་སེམས་ཅན་ལ་མེ་སྐྱོན་བྱུང་ཡོད་པ་དང་། གཞན་ཡང་ཕྱི་ལོ་༢༠༡༠ལོར་ཀོང་པོའི་ཁུལ་རྫ་ཡུལ་རྫོང་གི་ནགས་ཚལ་ལ་མེ་ཤོར་ཏེ་ས་ཁྱོན་སྤྱི་ལེ་༢༦ལྷག་གི་ཤིང་ནགས་ཚིག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།