ལྕམ་ཨང་སན་སུའུ་ཀི་རྒྱལ་ཡོངས་འོས་བསྡུར་མཉམ་ཞུགས་དགོས།
འབར་མའི་རྒྱལ་ཡོངས་འོས་བསྡུ་བྱེད་པའི་སྐབས་མང་གཙོ་ཚོགས་པའི་ཚོགས་གཙོ་མཉམ་ཞུགས་བྱེད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས།
-
2009-11-05 -
-
-
༄༅༎ཨ་མི་རི་ཀས་འབར་མའི་ནང་འཆར་ལོ་རྒྱལ་ཡོངས་འོས་བསྡུ་བྱེད་པའི་སྐབས་མང་གཙོ་ཚོགས་པའི་ཚོགས་གཙོ་ཨང་སན་སུའུ་ཀི་མཆོག་མཉམ་ཞུགས་བྱེད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་སི་ཀོཀྲ་མར་སེལ་མཆོག་འབར་མའི་ནང་ཕེབས་ནས་ཕྱིར་ཕེབས་པའི་སྐབས་ཐའེ་ལེན་ཌིའི་རྒྱལ་ས་སྦེང་ཀོག་ཏུ་གསར་འགོད་པའི་བཅར་འདྲི་དང་ལེན་ཞུས་པའི་སྐབས་ང་ཚོའི་ངོས་ནས་འབར་མའི་གཞུང་དང་ཕྱོགས་འགལ་ཚོགས་པའི་དབར་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ་དེ་ལྟར་ཡོང་ཐབས་སུ་ཐབས་ཤེས་བྱེད་ཀྱི་ཡོད། འོན་ཀྱང་འཆར་ལོའི་ནང་རྒྱལ་ཡོངས་འོས་བསྡུ་བྱེད་པའི་སྐབས་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུའུ་ཀི་གཙོས་ཆབ་སྲིད་ཚོགས་པའི་མི་སྣ་ཚོ་མཉམ་ཞུགས་བྱེད་མ་བཅུག་པ་ཡིན་ན་འོས་བསྡུ་དེ་བཞིན་ལུགས་མཐུན་ཞིག་ཡོང་གི་ཡོད་མེད་ཐེ་ཚོམས་རེད། དེ་འདྲ་ཡིན་དུས་གྲོས་མོལ་བྱེད་པའི་བརྒྱུད་རིམ་ནས་མ་གཏོགས་མཉམ་ཞུགས་ཡོང་ཐབས་ཡོད་མ་རེད་ཅེས་འགྲེལ་བརྗོད་གནང་འདུག
ཡང་ཁོང་གིས་ཨ་རིའི་ངོས་ནས་དྲག་པོའི་གཞུང་ཐོག་དཔལ་འབྱོར་དང་ཚོང་འབྲེལ་གྱི་ཉེས་ཆད་བཀལ་ཡོད་པ་དེ་དག་ཕྱིར་བསྡུ་བྱེད་རྒྱུ་སྔ་དྲག་པ་རེད། ཡིན་ནའང་གལ་སྲིད་གཞུང་ཕྱོགས་ནས་གྲོས་མོལ་གྱི་བརྒྱུད་རིམ་ནས་མང་གཙོའི་ལམ་ལུགས་ཐོག་ཡར་རྒྱས་བཏང་བ་ཡིན་ན་དེར་གཞིགས་པས་ཕྱིར་བསྡུ་བྱེད་ཕྱོགས་ཐོག་དགོངས་པ་བཞེས་རྒྱུ་ཡིན་ལུགས་གསུངས་ནས་གང་ལྟར་ཨ་མི་རི་ཀའི་ངོས་ནས་འབར་མའི་དྲག་པོའི་སྲིད་གཞུང་ལ་དཔལ་འབྱོར་གྱི་ཉེས་ཆད་བཀལ་རྒྱུ་དེ་མང་གཙོའི་ལམ་ལུགས་ལ་གོམ་པ་མདུན་བསྐྱོད་བྱེད་རྒྱུའི་ལག་ཆ་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག འབར་མའི་ནང་ལོ་མང་པོའི་གོང་ནས་དྲག་པོའི་སྲིད་གཞུང་ནས་མང་གཙོ་ཚོགས་པའི་ཚོགས་གཙོས་གཙོས་གནད་ཡོད་མི་སྣ་མང་པོ་ཞིག་བཙོན་བཅུག་དང་བཟང་བཙོན་ལྟ་བུར་བཞག་ནས་དམ་བསྒྲགས་བྱེད་ཀྱི་ཡོད་པ་རེད།