བོད་མིའི་སྐུ་ཚབ་ནས་ཧྥ་རན་སིའི་གྷུའི་མེཊི་འགྲེམས་སྟོན་ཁང་གི་འགན་འཛིན་དང་ཐུག་འཕྲད་ཀྱིས་གོ་བསྡུར་ལྷུག་པོ་གནང་ཡོད་པ།
ཧྥ་རན་སིའི་གྷུའི་མེཊི་འགྲེམས་སྟོན་ཁང་གིས་བོད་ཀྱི་ཚབ་ལ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བྲིས་ཡོད་པའི་ཐད་བོད་མིའི་སྐུ་ཚབ་ནས་དེ་གའི་འགན་འཛིན་དང་ཐུག་འཕྲད་ཀྱིས་གོ་བསྡུར་ལྷུག་པོ་གནང་ཡོད་པ།
- 2024-12-19
-
-
-
Your browser doesn’t support HTML5 audio
གནས་ཚུལ་ཁ་སྣོན་བྱས་ཡོད།
ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་འདི་ཚེས་ ༡༩ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་།“རྒྱ་ནག་གིས་བོད་ནང་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་རྩ་མེད་བཟོ་བཞིན་པ་མ་ཟད། ཕྱི་ལོ་ ༢༠༢༣ ནས་དབྱིན་ཡིག་ནང་བོད་ཅེས་པའི་ཚབ་ཏུ་ཞི་ཙང་ཞེས་རྒྱ་སྐད་ལྟར་བེད་སྤྱོད་བྱེད་དགོས་པའི་རྒྱ་ནག་གི་ཁྲིམས་ལུགས་གསར་པའི་རྐྱེན་གྱིས། འགྲེམས་སྟོན་ཁང་དུ་བོད་མིང་བསྐྱར་གསོ་དགོས་པ་ནི་བོད་མི་ཚོར་མཚོན་ན་ཧ་ཅང་གལ་ཆེན་ཡིན་པ་བསྐྱར་ནན་གྱིས་ཞུས་ཀྱང་། འགྲེམས་སྟོན་ཁང་གི་འགན་འཛིན་གྱིས་སྔར་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྩིས་མེད་པ་གསལ་པོ་དང་། ཁོང་ཚོའི་འགྲེམས་སྟོན་ཁང་ལ་ཕྱི་རྒྱལ་གྱི་དབང་ཤུགས་གང་གིས་ཀྱང་གནོན་ཤུགས་སྤྲད་མེད་པར་གསུངས་”པ་སོགས་ཀྱིས། ཧྥ་རན་སིའི་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་རྣམ་ལགས་ནས། འགྲེམས་སྟོན་ཁང་དེ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ངོ་རྒོལ་ལས་འགུལ་མུ་མཐུད་དུ་སྤེལ་འཆར་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཧྥ་རན་སིའི་ནང་འགྲེམས་སྟོན་ཁང་ཁག་ཅིག་ཏུ་རྒྱ་ནག་གཞུང་གི་ཤུགས་རྐྱེན་དང་འབྲེལ་ཏེ། བོད་ཀྱི་ཚབ་ལ་རྒྱ་ནག་སྐད་ཇི་བཞིན་དུ་ཤིས་ཙང་ཞེས་བྲིས་པ་དང་། ཕྱོགས་མཚུངས་བོད་ཀྱི་རིག་གཞུང་དང་ཅ་ལག་སོགས་འགྲེམས་སྟོན་གྱི་སྡེ་ཚན་དེར། ཧྥ་རན་སིའི་ (Musée Guimet) གྷུའི་མེཊི་འགྲེམས་སྟོན་ཁང་དུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་འགོ་བརྗོད་དུ་འཁོད་ཡོད་པར།བར་ལམ་ནས་ཧྥ་རན་སིའི་ནང་གནས་སྡོད་བོད་མི་ཚོས་རྒྱུན་ཆད་མེད་པར་ངོ་རྒོལ་སྐད་འབོད་གནང་དང་གནང་མུས་སུ་ཡིན་པས། ཧྥ་རན་སིའི་ནང་གི་གྷུའི་མེཊི་འགྲེམས་སྟོན་ཁང་གིས་ཟླ་ ༡༢ པའི་ཚེས་ ༡༨ ཉིན། བོད་མིའི་སྐུ་ཚབ་སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་སོགས་སྐོང་འགུགས་ཀྱིས། གྷུའི་མེཊི་འགྲེམས་སྟོན་ཁང་གི་འགན་འཛིན་དང་དམིགས་བསལ་བོད་དང་འབྲེལ་ཡོད་ཧི་མ་ལ་ཡའི་འགྲེམས་སྟོན་ཚན་པའི་འགན་འཛིན་བཅས། བོད་མིའི་སྐུ་ཚབ་རྣམ་པ་དང་ཆེད་དུ་མཇལ་འཕྲད་གནང་སྟེ། འགྲེམས་སྟོན་ཁང་དེར་འཛོམས་ནས་ཆུ་ཚོད་གཉིས་ཀྱི་རིང་ཕར་ཚུར་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་ནི། གོ་སྐབས་ཐེངས་མ་དང་པོ་ཡིན་པའི་ཐོག་བོད་ཟེར་བའི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཟེར་ན་འགྲིག་གི་མི་འདུག་ཅེས་གསལ་སྟོན་གང་ཐུབ་གནང་ཡོད་པ། ཧྥ་རན་སིའི་ནང་གི་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་རིན་ཆེན་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
ཧྥ་རན་སིའི་གྷུའི་མེཊི་འགྲེམས་སྟོན་ཁང་ངོས་ནས་བོད་ཅེས་པའི་ཐ་སྙད་ཀྱི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བཞག་དོན་ནི། འགྲེམས་སྟོན་ལ་གཟིགས་མོར་ཕེབས་མཁན་ཚོས་གོ་བ་ལེན་བདེའི་ཆེད་དུ་ཡིན་པ་མ་གཏོགས། རྒྱ་ནག་གཞུང་གི་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད་ལུགས་མཐའ་སྐྱེལ་བྱེད་ཀྱི་འདུག་པ་དང་། བོད་མི་ཚོའི་ཐོག་ནས་ཧི་མ་ལ་ཡ་ནི་རྒྱལ་ཁབ་ཁ་ཤས་ཀྱི་ས་ཁོངས་དང་འབྲེལ་བའི་རི་བརྒྱུད་ཅིག་ལ་གོ་བ་ལས་བོད་རང་མཚོན་མི་ཐུབ་པས། སྔོན་མ་ནང་བཞིན་བོད་ཅེས་པའི་མིང་དེ་རང་འཇགས་འཇོག་དགོས་པའི་བསམ་ཚུལ་བཏོན་ཡོད་ཅིང་། ཐུག་འཕྲད་དེའི་བརྒྱུད་ནས་འགྱུར་ལྡོག་དམིགས་བསལ་ཅི་བྱུང་མེད་ནའང་། ང་ཚོ་འབྱུང་འགྱུར་ཟླ་ཤས་རྗེས་ཡང་བསྐྱར་འཛོམས་རྒྱུའི་རེ་བ་དང་། སྐབས་དེ་དུས་འགྱུར་བ་གང་ཙམ་ཡོང་ཐུབ་པའི་རེ་བ་ཡོད་ཅེས་གྷུའི་མེཊི་འགྲེམས་སྟོན་ཁང་གི་འགོ་ཁྲིད་ཚོས་གསལ་བཤད་བྱས་ཡོད་པ། ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་རིན་ཆེན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཧྥ་རན་སིའི་གཙུག་ལག་སློབ་ཆེན་ཁག་ཏུ་རྒྱ་ནག་གི་ཁུང་ཙིའི་ལྟེ་གནས་ཁང་མང་པོ་བཙུགས་ཏེ། རྒྱ་ནག་གི་དྲིལ་བསྒྲགས་རྒྱ་བསྐྱེད་ཀྱི་སྡིངས་ཆ་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ལྷག་པར་སློབ་གྲྭ་མང་པོར་རྒྱ་ནག་གཞུང་གིས་མཐུན་འགྱུར་བྱས་ཏེ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་ཁྱབ་སྤེལ་ཡོང་བའི་ཤུགས་སྣོན་རྒྱ་ཆེར་བྱེད་བཞིན་པ་སོགས་དང་ཕྱོགས་མཚུངས། ཉེ་ལམ་ཟླ་ཤས་སྔོན་རྒྱལ་ས་ཕ་རི་སིའི་ནང་གི་ ( Musée Quai Branly ) འགྲེམས་སྟོན་ཁང་དུ། བོད་ཅེས་པའི་དབྱིན་ཡིག་གི་ཚབ་ཏུ་རྒྱ་ནག་སྐད་ཀྱི་ཤིས་ཙང་ཞེས་བྲིས་པར་བོད་མི་ཚོས་ངོ་རྒོལ་ཤུགས་ཆེར་གནང་སྟེ། ཚིག་དེ་ཕྱིར་འཐེན་བྱེད་ངེས་ཀྱི་ཁས་ལེན་འཕྲལ་མར་གནང་ཡོད་ནའང་། རྒྱལ་སའི་ (Musée Guimet) འགྲེམས་སྟོན་ཁང་དུ་བོད་ཀྱི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བཀོད་པ་ད་དུང་ཡང་ཕྱིར་འཐེན་བྱས་མེད་པས། བོད་མིའི་སྐུ་ཚབ་དང་འགྲེམས་སྟོན་ཁང་གི་འགོ་ཁྲིད་བར་མུ་མཐུད་གོ་བསྡུར་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།