བཞུགས་སྒར་རྡ་རམ་ས་ལར་༸གོང་ས་མཆོག་ནས་གསུང་ཆོས།

༸གོང་ས་མཆོག་གིས་ཆོས་ཞུ་བ་མི་གྲངས་བཞི་སྟོང་ཙམ་ལ་ཁ་ས་ཚེས་བཅོ་ལྔ་ཉིན་ནས་གསུང་ཆོས་དབུ་འཛུགས་གནང་ཡོད་པ་རེད།

༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་ཡུལ་ཁག་ནས་འབྱོར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཅིག་ལྷག་ཙམ་ཐེ་པའི་ཁྱོན་ཆོས་ཞུ་བ་མི་གྲངས་བཞི་སྟོང་ཙམ་ལ་ཁ་ས་ཚེས་བཅོ་ལྔ་ཉིན་ནས་གསུང་ཆོས་དབུ་འཛུགས་གནང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་འཛམ་གླིང་གི་ཡུལ་ཁག་འདྲ་མིན་ལྔ་བཅུ་ང་ལྔ་ནས་ཕྱི་རྒྱལ་བ་མི་གྲངས་ཆིག་སྟོང་བཞི་བརྒྱ་ཙམ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མངའ་ནས་གསུང་ཆོས་ཞུ་རྒྱུའི་དེབ་བསྐྱེལ་ཞུས་འདུག

ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གསུམ་རིང་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་བཀྲིན་སྩལ་གནང་མཛད་བཞིན་ཡོད་པའི་ཐོག་ཀོ་རི་ཡ་ནས་དད་ལྡན་ཆོས་ཞུ་བ་ཉིས་བརྒྱ་བཞུགས་སྒར་དུ་སྐུ་བཅར་ཞུས་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་རྩ་བ་དང་ལྷག་པར་དུ་བདེན་པ་བཞིའི་སྐོར་གསུང་ཆོས་གནང་གི་ཡོད་པ་དེ་ཡང་སྔ་དྲོ་ཕྱག་ཚོད་དགུ་པ་ནས་བཅུ་གཅིག་བར་དང་དེ་ནས་ཉིན་རྒྱབ་ཕྱག་ཚོད་དང་པོ་ནས་གསུམ་པ་བར་བསྩལ་གནང་མཛད་བཞིན་ཡོད་པ་ལྟར་གསུ་ཆོས་གནང་བའི་ཉིན་གསུམ་རིང་ཏཱ་ལའི་བླ་མ་ཞེས་པའི་དྲ་རྒྱའི་ཐོག་བོད་སྐད་དང་ཀོ་རི་ཡའི་སྐད་གཉིས་ཐོག་ཐད་ཀར་གསན་གཟིགས་ཐུབ་རྒྱུའི་གོ་སྒྲིག་ཀྱང་ཞུས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org