ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ངོས་འཛིན་གྱི་མཛད་སྒོ།

སོག་པོའི་བླ་མ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་སྦོགརྡ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་ཡང་སྲིད་ངོས་འཛིན་གྱི་གཞུང་འབྲེལ་མཛད་སྒོའི་སྐོར།

༄༅༎སོག་པོའི་བླ་མ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་སྦོགརྡ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་ཡང་སྲིད་ངོས་འཛིན་གྱི་གཞུང་འབྲེལ་མཛད་སྒོ་ཞིག་ཕྱི་སོག་གི་རྒྱལ་ས་ཨུ་ལན་སྦ་ཏོར་དུ་ཡོད་པའི་སོག་པོ་དགའ་ལྡན་ཐེག་ཆེན་གླིང་དགོན་དུ་གནང་བཞག།
ཁལ་ཁ་རྗེ་བཙུན་དམ་པ་ནི་སོག་པོའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་མཐོ་ཤོས་དེ་ཡིན་པ་དང༌། སོག་ཡུལ་དུ་ཁོང་ལ་སྦོགརྡ་ཁའན་ནམ་རྒྱལ་པོ་ཆེན་པོ་ཞེས་མཚན་བསྟོད་ཞུ་སྲོལ་ཡོད་པ་རེད། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོ་དེ་༡༦༠༠ནང་བྱུང་ཡོད་པ་དང༌། སྐབས་དེ་དུས་བཟོ་ལག་རྩལ་ལ་མཁས་པའི་དགེ་འདུན་པ་ཛ་ན་སྦ་ཛར་ཞུ་བ་ཞིག་བྱུང་བ་དེར་། སྐབས་དེའི་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམས་གཉིས་ནས་ སོག་པོའི་བླ་མ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོའི་མཚན་སྲོལ་གནང་ཡོད་ཅིང༌། སོག་པོའི་ཡུལ་མི་ཚོས་ཛ་ན་སྦ་ཛར་ལ་ཆེ་ཐོངས་ཆེན་པོ་ཞུ་གི་ཡོད་པ་མ་ཟད། ཁོང་གིས་ཕྱགས་བཟོ་གནང་བའི་རིན་ཐང་བྲལ་བའི་སངས་རྒྱས་ཀྱི་སྐུ་བརྙན་མང་པོ་ཡོད་པ་རྣམས་འགྲེམས་སྟོན་ཁང་ཞིག་ཀྱང་སོག་ཡུལ་དུ་གསར་འཛུགས་གནང་ཡོད་པ་རེད།དེ་བཞིན་སོག་པོའི་བླ་ཆེན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོས་དེང་སང་འང་སོག་ཡུལ་ནང་བེད་སྤྱོད་གཏོང་བཞིན་པའི་སོག་ཡིག་གསར་གཏོད་གནང་ཡོད་པ་རེད།
ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཐོག་དང་པོ་ནས་བཟུང་སྐུ་ཐོག་རིམ་བྱོན་གྱིས་༡༩༢༤བར་སོག་པོའི་དབུ་བླ་གནང་ཡོད་པ་དང༌། སྐབས་རེ་རྒྱལ་པོའི་མཚན་གནས་ཀྱང་བཞེས་ཡོད་པ་རེད། འོན་ཀྱང་སོག་ཡུལ་དེ་བཞིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གྱི་དབང་འགྱུར་འོག་ཚུད་པ་ནས་བཟུང་ བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཐོག་དམ་བསྒྲགས་བྱས་ཡོད་ནའང༌། ༡༩༣༦ལོར་བོད་ཀྱི་རྒྱལ་ཚབ་ར་སྒྲེང་གིས་ ལྷ་སའི་ཉེ་འཁྲིས་སུ་ གུང་ལོ་བཞི་ལ་ཕེབས་པའི་བུ་ཆུང་འཇམ་དཔལ་རྣམ་སྒྲོལ་ཆོས་ཀྱི་རྒྱལ་མཚན་ཞུ་བ་ཞིག་ སོག་པོའི་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ལ་ངོས་འཛིན་ཞུས་གནང་སྟེ། སྐབས་དེ་དུས་ཆབ་སྲིད་ཀྱི་དཀའ་རྙོག་གི་རྐྱེན་པས་ཡང་སྲིད་རྩད་གཅོད་ལ་གསང་བ་གནང་རྗེས། ༡༩༥༩ལོར་༧གོང་ས་མཆོག་རྒྱ་གར་ལ་ཡུལ་གྱར་ཕེབས་སྐབས་ རྗེ་བཙུན་དམ་པ་༧གོང་ས་མཆོག་གི་ཕེབས་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཡོད་པ་དང༌། ༡༩༩༩ལོར་ཁལ་ཁ་རྗེ་བཙུན་དམ་པ་མཆོག་སོག་ཡུལ་ལ་ཕེབས་ཐུབ་པ་བྱུང་ནས་། སྔ་ལོ་ཁོང་ལ་སོག་པོའི་མི་སེར་གྱི་ཕྱག་འཁྱེར་ཕུལ་ཡོད་པ་དང༌། མིག་སྔར་སོག་པོ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ནང་གཏན་ཞུགས་གནང་བཞིན་ཡོད་པ་རེད། ཟླ་བ་སྔོན་མ་ཁོང་གི་ཁྲི་དོན་མཛད་སྒོ་དེ་གནང་ཡོད་པ་དང༌། ཁལ་ཁ་རྗེ་བཙུན་དམ་པ་མཆོག་ད་ཆ་གུང་གྲངས་༧༩ལ་ཕེབས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org