༢༠༢༢ ལོའི་སེ་ར་བཞི་མཆོད་དང་དགའ་ལྡན་ལྔ་མཆོད་ཀྱི་ཆོས་ལུགས་བྱེད་སྒོ་ཕྱི་ཕྱོགས་ལ་སྒོ་འཕྱེ་རྒྱུ་མིན་པ།

༢༠༢༢ ལོའི་སེ་ར་བཞི་མཆོད་དང་དགའ་ལྡན་ལྔ་མཆོད་ཀྱི་ཆོས་ལུགས་བྱེད་སྒོ་ཕྱི་ཕྱོགས་ལ་སྒོ་འཕྱེ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་པ།

༢༠༢༢ ལོའི་སེ་ར་བཞི་མཆོད་དང་དགའ་ལྡན་ལྔ་མཆོད་ཀྱི་ཆོས་ལུགས་བྱེད་སྒོ་ཕྱི་ཕྱོགས་ལ་སྒོ་འཕྱེ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་པ། ཝི་ཀི་པི་ཌི་ཡ།

རྗེ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་སོ་སོའི་དགོངས་རྫོགས་དུས་མཆོད་སེ་ར་བཞི་མཆོད་དང་དགའ་ལྡན་ལྔ་མཆོད་བཅས་ཀྱི་དུས་ཆེན་ཉིན། བོད་ཀྱི་དགོན་སྡེ་ཆེ་ཁག་ཕྱིར་སྒོ་འཕྱེ་རྒྱུ་མིན་ལུགས་འབྲེལ་ཡོད་དགོན་སྡེ་ཁག་ཐོུང་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག
དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སར་ཆགས་པའི་སེ་ར་དགོན་དང་། འབྲས་སྤུངས་དགོན། ལྷ་ས་གཙུག་ལག་ཁང་། ར་མོ་ཆེ་དགོན་བཅས་ཐོུང་ནས་ཕྱི་ཚེས་༡༥་ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། འདི་ལོ་བཞི་མཆོད་དང་དགའ་ལྡན་ལྔ་མཆོད་ཀྱི་ཆོས་འབྲེལ་བྱེད་སྒོ་སྤེལ་ཡུལ་གོང་ཞུས་དགོན་སྡེ་ཁག་སྒོ་འཕྱེ་རྒྱུ་མིན་ལུགས་གསལ་བསྒྲགས་གནང་ཡོད་པ་དང་། དེའི་རྒྱུ་མཚན་གཙོ་བོ་ནི། ད་ཆ་བོད་ནང་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་སྲ་བརྟན་ཞི་འཇམ་བྱུང་མེད་པའི་རྐྱེན་གྱིས་རིམས་ནད་ཕན་ཚུན་འགོས་ཁྱབ་ཡོང་རྒྱུའི་ཉེན་ཁ་ཆེ་བས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་དགོན་སྡེ་ཁག་གི་གྲ་བཙུན་གྱི་བདེ་ཐང་ལ་འགན་ལེན་བྱ་ཕྱིར་འདི་ལོའི་བཞི་མཆོད་དང་། དགའ་ལྡན་ལྔ་མཆོད་ཀྱི་ཆོས་ཕྱོགས་བྱེད་སྒོ་ཕྱི་ཕྱོགས་ལ་སྒོ་ཕྱེ་མིན་ལུགས་བཀོད་འདུག དེ་དང་ཆབས་ཅིག་མང་ཚོགས་ནང་རང་འགུལ་ངང་འབྲེལ་ཡོད་ཚན་པའི་ནད་ཡམས་འགོག་ཟོན་གྱི་བླང་བྱར་གཞོགས་འདེགས་གང་ལེགས་ཀྱིས་མི་མང་འདུ་འཛོམས་མི་བྱེད་པར་ཐོུང་གི་ཐོག་ནས་རིམས་འགོག་གི་གྲུབ་འབྲས་སྲ་བརྟན་གཏོང་དགོས་པའི་འབོད་སྐུལ་ཡང་གནང་འདུག
ཡང་གནད་དོན་དེའི་ཐད་བོད་མི་འགའ་ཞིག་གིས་གསུངས་ན། དེ་ནི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་མི་འགྲོ་བར་ཁ་གཡར་ཏེ་བོད་ཀྱི་རྒྱུན་སྲོལ་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་ཁག་བཀག་སྡོམ་བྱས་པ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག གང་ཡིན་ཞུས་པ་ཡིན་ན། ཕྱི་ཟླ་༡༢་པའི་ཚེས་༨་ནས་འགོ་བཙུགས་ཀྱིས་རྒྱ་ནག་ཁྱོན་ཡོངས་སུ་ནད་ཡམས་འགོག་ཐབས་ཀྱིས་ཁྱིམ་སྡོད་ཟུར་བཀག་གི་གནས་སྟངས་ཡོངས་སུ་ལྷུག་གཏོང་བྱས་པ་བཞིན། བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་ད་ལྟ་ནད་ཡམས་འགོག་ཐབས་ཀྱི་ཁྱིམ་སྡོད་ཟུར་བཀག་ལྷུག་གཏོང་བྱས་ནས་ཟ་ཁང་དང་། ཚོང་ཁང་། གཞུང་ལས་ཁང་། སྤྱི་སྤྱོད་རླང་འཁོར་ནང་འགྲུལ་བཞུད་བྱེད་རྒྱུ། ལྷག་པར་དུ་ཡུལ་སྐོར་སྤྲོ་འཆམ་སོགས་ཆ་ཚང་སྒོ་ཕྱེ་ཡོད་ཀྱང་། དེ་རིང་བྱམས་ཆེན་ཆོས་རྗེ་ཤཀྱ་དགོངས་རྫོགས་ཀྱི་ཉིན་མོ་ནི། བཞི་མཆོད་དང་། སང་ཉིན་དགའ་ལྡན་ལྔ་མཆོད་ནི། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་བཅས་བོད་ཀྱི་རྒྱུན་སྲོལ་ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་ཐོག་ཏོག་དབྱིབས་ནད་ཡམས་ལ་ཁ་གཡར་ནས་སྒོ་རྒྱབ་དགོས་དོན་མེད་ལུགས་གསུངས་ཀྱི་འདུག།

གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org