རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་(RSS)ཡི་གཙོ་འཛིན་ནས་ ༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ།
རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་(RSS)ཡི་གཙོ་འཛིན་སྐུ་ཞབས་Mohan Bhagwat ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ།
- 2021-12-20
-
-
-
Your browser doesn’t support HTML5 audio
སྤྱི་ལོ་༢༠༢༡ཟླ་༡༢ ཚེས་༢༠ ཉིན་ཚོགས་མི་ས་ཡ་༦ཙམ་ཡོད་པའི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་(RSS)ཡི་གཙོ་འཛིན་སྐུ་ཞབས་Mohan Bhagwat ལགས་གཙོས་པའི་ཚོགས་པ་དེ་ཉིད་ཀྱི་འགོ་ཁྲིད་རྒན་གྲས་སྐུ་ཞབས་Indresh Kumar ལགས། དེ་བཞིན་ཚོགས་པ་དེའི་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ལྔའི་སྤྱི་ཁྱབ་བཅས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག
མཇལ་ཁ་གྲུབ་པའི་རྗེས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་(RSS)ཡི་དབུ་ཁྲིད་རྒན་གྲས་སྐུ་ཞབས་ Indresh Kumar ལགས་ཀྱིས་གསར་འགོད་པ་ཚོར་གསུངས་དོན། འཛམ་གླིང་ནང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་བྱེད་རྒྱུའི་དུས་ལ་བབ་ཡོད་པ་དང་། ད་རེས་མཇལ་ཁའི་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཀྱང་རྒྱ་གར་ནི་འཛམ་གླིང་ནང་ཆོས་ལུགས་མཐུན་སྒྲིལ་གྱི་དཔེ་མཚོན་ཡག་ཤོས་ཤིག་དང་དམིགས་དཔེ་ལྟ་ས་ཞིག་ཡིན་པས། རྒྱ་གར་ངོས་ནས་དེ་དག་གོང་འཕེལ་གཏོང་དགོས་གལ་ཆེ་བའི་སྐོར་བཀའ་གནང་སོང་ཅེས་དང་། ངས་ཀྱང་དེ་ནི་རྒྱ་གར་གྱི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཡང་དེ་དང་ཕྱོགས་མཚུངས་འདི་གའི་གསར་འགོད་པས་RSSགཙོ་འཛིན་སྐུ་ཞབས་Mohan Bhagwat ལགས་སུ་བཅར་འདྲི་ཡོང་ཐབས་ཞུས་ཀྱང་། ཁོང་གིས་དང་ལེན་གནང་མེད་ཅིང་། སྐུ་ཞབས་Indresh Kumar ལགས་ཀྱིས་གསུངས་བར་གཞིགས་ན། མཇལ་ཁའི་སྐབས། སྐུ་ཞབས་Mohan Bhagwat ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ། བོད་ནི་རྒྱ་གར་གྱི་མཆེད་གྲོགས་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། འདས་པའི་ལོ་ཟླའི་ནང་འཕགས་བོད་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གནང་ཡོད་ལ། མ་འོངས་པར་ཡང་འཕགས་བོད་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་མཛའ་འབྲེལ་དེ་མུ་མཐུད་གནས་རྒྱུ་ཡིན་པ་ཞུས་འདུག
ཡང་RSSཚོགས་པའི་ཆེས་མཐོའི་དབུ་ཁྲིད་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གྲུབ་མ་ཐག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་བཀའ་བློན་རྣམ་པ་གསུམ་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ནས་རྒྱ་གར་གྱི་དབུ་ཁྲིད་དེ་དག་དང་ལྷན་དུ་མཇལ་མོལ་གནང་འདུག་ཅིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་གར་RSSཚོགས་པའི་དཔོན་རིགས་ཚོས་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པར་རྒྱབ་སྐྱོར་ཡོད་གསུངས་ཀྱི་འདུག་ཅེས་གསར་འགོད་པ་ཚོར་ངོ་སྤྲོད་གནང་སོང་།
ཡང་འདི་ཚེས་༡༩ རེས་གཟའ་ཉི་མའི་ཉིན་ཧི་མ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གཙོ་འཛིན་དང་ལྷན་དུ་སྲིད་སྐྱོང་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་རྣམས་པས་མཇལ་མོལ་གནང་འདུག
སྤྱིར་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་(RSS) ཡིས། རྒྱ་གར་གྱི་ཚེ་སྲོག་ནི་ཧིན་རྡུའི་རིག་གཞུང་དེ་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་འདུག་ལ། ཚོགས་པ་དེ་ནི་གཙོ་བོ་འགྲོ་བ་མིའི་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་རྒྱུའི་ཆེད་དུ་བཙུགས་པའི་རྒྱ་གར་ནང་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཚོགས་པ་ཆེ་ཤོས་ཤིག་ཡིན་འདུག་ཅིང་། ད་ལྟའི་རྒྱ་གར་གྱི་སྲིད་བློན་ན་རེན་དྷ་རཱ་མོ་དྷི་མཆོག་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་ཚོགས་པ་དེ་ནས་སློབ་ཐོན་བྱུང་ཡོད་འདུག
གཞན་ཡང་གོང་ཚེས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཁོང་སྐུ་ཟླ་གཉིས་ནས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག །
གསར་འགོད་པ། བློ་བཟང་དགེ་ལེགས།
དྲ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།