རྒྱ་གར་གྱི་སྲིད་བློན་འབྲུག་ཡུལ་ལ་ཕེབས་ནས་གྲོས་མཐུན་ཁག་ཅིག་བཞག་འདུག
འབྲུག་ཡུལ་གྱི་སྲིད་བློན་མཆོག་ནས་རྒྱ་གར་གྱིས་འབྲུག་ནང་མཁའ་དབྱིངས་ཉམས་ཞིབ་ཚན་པ་གསར་འཛུགས་བྱེད་རྒྱུའི་མཐུན་འགྱུར་གནང་བར་དགའ་བསུ་ཞུས་གནང་འདུག
-
2019-08-19 -
-
-
Your browser doesn’t support HTML5 audio
འབྲུག་ཡུལ་གྱི་སྲིད་བློན་མཆོག་ནས་རྒྱ་གར་གྱིས་འབྲུག་ནང་མཁའ་དབྱིངས་ཉམས་ཞིབ་ཚན་པ་གསར་འཛུགས་བྱེད་རྒྱུའི་མཐུན་འགྱུར་གནང་བར་དགའ་བསུ་ཞུས་གནང་འདུག
དེ་ཡང་(ANI)་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་འདིའི་གཟའ་མཇུག་ཉིན་གཉིས་རིང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་འབྲུག་ཡུལ་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་ཏེ་འབྲུག་རྒྱལ་སྟེང་ཞལ་རྣམ་གཉིས་དང་། འབྲུག་གི་སྲིད་བློན་དང་མཇལ་འཕྲད་ཀྱིས་ཡུལ་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་། ལྷག་པར་དུ་རྒྱ་གར་གྱི་ངོས་ནས་འབྲུག་ཡུལ་ནང་
ལྷོ་ཨེ་ཤ་ཡའི་མཐུན་ཕྱོགས་རྒྱལ་ཁབ་དང་མཉམ་སྦྲེལ་གྱི་ཐོག་ནས་མཁའ་དབྱིངས་ཉམས་ཞིབ་ཚན་པ་ཞིག་འཛུགས་སྐྲུན་བྱེད་རྒྱུར་མཐུན་འགྱུར་སྦྱོར་སྦྲོད་གནང་རྒྱུ་བཅས་ཀྱི་གནད་དོན་ཐོག་གྲོས་མཐུན་བྱུང་ཡོད་འདུག
རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་འབྲུག་ནང་འཚམས་གཟིགས་དང་འབྲེལ་བའི་སྐོར་(ANI)་གསར་འགྱུར་ལས་ཁང་ནས། འབྲུག་གི་སྲིད་བློན་བློ་གྲོས་ཚེ་རིང་ལགས་སུ་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས། ད་རེས་སྲིད་བློན་མོ་རྡི་མཆོག་འདི་ཁུལ་ཕེབས་པ་བརྒྱུད་ང་ཚོ་ཡུལ་གཉིས་དབར་སྤྱི་ཡོངས་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་ཙམ་མ་ཡིན་པར་གལ་ཆེ་ཤོས་མི་དང་མིའི་དབར་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་ཐད་བཀའ་མོལ་བྱུང་བ་བཅས་འཚམས་གཟིགས་དོན་སྙིང་ལྡན་པ་ཞིག་དང་། སྲིད་བློན་མོ་དྷི་མཆོག་ཀྱང་དགྱེས་འཚོར་ཆེན་པོ་བྱུང་ཡོད་ལུགས་འགྲེལ་བརྗོད་གནང་འདུག
སྤྱིར་བཏང་འབྲུག་ཡུལ་རྒྱལ་ཁབ་འདི་བཞིན་རྒྱ་གར་གྱི་ས་མཚམས་སུ་འཁེལ་བའི་རྒྱལ་ཁབ་ཞིག་ཡིན་པ་དང་། རྒྱ་གར་གཞུང་ནས་འདས་པའི་ལོ་ངོ་མང་པོའི་རིང་ནས་འབྲུག་ལ་ཆུ་མཛོད་གློག་འདོན་ནུས་ཤུགས་ཀྱི་གཙོས་གང་ཅིའི་ཐད་མཐུན་འགྱུར་རོགས་རམ་གནང་སྟེ་རྒྱ་གར་དང་འབྲེལ་ལམ་ཧ་ཅང་ཡག་པོ་ཞིག་ཡིན་པ་རེད་ལ། སྲུང་སྐྱོབ་ཀྱི་ཆ་ནས་ཀྱང་དེ་སྔ་འབྲོག་ལམ་ས་ཁུལ་དུ་རྒྱ་ནག་གི་དམག་མིས་སིམ་འཛུལ་བྱས་པའི་སྐབས་རྒྱ་གར་དང་འབྲེལ་བ་ཆགས་པའི་ཆ་ནས་སྒོ་གང་ས་ནས་མཐུན་འགྱུར་གནང་ཡོད་རེད། ལྷག་པར་དུ་སྲིད་བློན་མོ་དྷི་མཆོག་དེ་སྔ་ཕྱི་ལོ་ ༢༠༡༤ ་ལོར་གཞུང་འཛིན་ལ་ཕེབས་སྐབས་ཕྱིའི་ཡུལ་གྲུར་འཚམས་གཟིགས་ཐོག་མ་དེ་བཞིན་འབྲུག་ཡུལ་ལ་ཕེབས་ཡོད་པ་རེད།