སྤྱི་ལོ་༢༠༡༦་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སང་ཉི།
སྤྱི་ལོ་༢༠༡༦་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཁྲོད་བུ་མོ་བསྟན་འཛིན་སང་ཉི་ལགས་སུ་རྒྱལ་ཁ་ཐོབ་ཏེ་མཛངས་མའི་དབུ་རྒྱན་ཕུལ་ཡོད་པ།
-
2016-06-06 -
-
-
སྤྱི་ལོ་༢༠༡༦་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཁྲོད་བུ་མོ་བསྟན་འཛིན་སང་ཉི་ལགས་སུ་རྒྱལ་ཁ་ཐོབ་ཏེ་མཛངས་མའི་དབུ་རྒྱན་ཕུལ་ཡོད་པ།
དེ་ཡང་འདི་ཟླའི་ཚེས་༥་ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་ཟློས་གར་གྱི་རྩེད་ཐང་དུ། སྤྱི་ལོ་༢༠༡༦་ལོའི་བོད་ཀྱི་མཛངས་མའི་དངོས་གཞིའི་འགྲན་བསྡུར་ཚུགས་གནང་ཡོད་པ་དང་། འགྲན་བསྡུར་ནང་ཞུགས་མཁན་བུ་མོ་བཞིས་བོད་ཀྱི་ཐུན་མོང་མ་ཡིན་པའི་གྱོན་གོས་འགྲན་སྡུར་དང་། དྲི་བ་དྲིས་ལན་སོགས་གནང་བ་བརྒྱུད་མཐར་མ་ནའ་ལིའི་གཞིས་གྲོང་ནས་ཡིན་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་སུ་འགྲན་བསྡུར་ནང་ཨང་དང་པོའི་རྒྱལ་ཁ་ཐོབ་ཏེ་སྤྱི་ལོ་༢༠༡༦་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་ཁོང་ལ་ཐོབ་གནང་ཡོད་པ་རེད།
ཐེངས་དེའི་མཛངས་མའི་འགྲན་བསྡུར་གྱི་ཐོག་མར་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་བོད་ཀྱི་མཛངས་མའི་འགྲན་བསྡུར་ལས་རིམ་དེ་སྔོན་ཆད་དང་བསྡུར་ན་དེང་སྐབས་ལྷ་མི་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱི་སྐལ་བ་བཟང་བོ་ཐོབ་པ་བརྒྱུད་སྔོན་ཆད་བཀྲ་མ་ཤིས་པའི་གནས་སྟངས་ནས་ད་ཆ་བཀྲ་ཤིས་པའི་གནས་སྟངས་སུ་འགྱུར་བཞིན་ཡོད་པ་དང་། བོད་ཀྱི་མཛངས་མའི་སྡིངས་ཆ་དེ་ཆུང་ཆུང་ཞིག་ཡིན་ནའང་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། གང་ཡིན་ཟེར་ན་བོད་ཀྱི་མཛངས་མའི་སྡིངས་ཆ་ཆུང་ཆུང་དེ་བརྒྱུད་ནས་བོད་པའི་བུ་མོ་ཚོས་སོ་སོའི་འཇོན་ནུས་བཏོན་སའི་ཐོག་མའི་ལམ་བུ་གསར་པ་ཞིག་བསྐྲུན་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གནོན་ཤུགས་ཇི་ལྟར་སྤྲད་མིན་ལ་མ་ལྟོས་པར་སྡིངས་ཆ་དེའི་བརྒྱུད་རིམ་ནས་བོད་པའི་བུ་མོ་ཚོ་རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་གནང་ཐུབ་པ་བྱུང་ནས་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་གནང་ཐུབ་པ་བྱུང་ཡོད་པ་རེད་ཅེས་སོགས་གསལ་སྟོན་གནང་འདུག།
འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་ཀྱིས་གསར་འགོད་པར་གསུང་ན། བོད་ཀྱི་མཛངས་མ་ཞེས་པའི་སྡིངས་ཆ་འདི་བརྒྱུད་ནས་ངས་མ་འོངས་པར་བོད་ཀྱི་གཞོན་སྐྱེས་ཚོར་མིང་དོན་མཚུངས་པའི་མི་ཚེ་ཞིག་སྐྱེལ་ཐབས་སུ་བློ་སྤོབས་སྤེལ་རྒྱུ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་སྒང་དུ་བོད་དོན་དང་བོད་ཀྱི་ཆབ་སྲིད་རིག་གཞུང་སོགས་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་གསུང་འདུག།
ལོ་ན་༢༤་ཡིན་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་ནི་མ་ན་ལིའི་བོད་མིའི་གཞིས་གྲོང་ནས་ཡིན་ཞིང་། དེང་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་Jamia Hamdard་གཙུག་ལག་སློབ་གཉེར་ཁང་དུ་སྨན་ཞབས་པའི་སློབ་སྦྱོང་གནང་མུས་ཡིན་པ་རེད།
གསར་འགོད་པ་དབྱངས་སྒྲོལ།