ཕེ་རེན་སིའི་དམག་མི་བཞི་རྐྱེན་ལམ་བཏང་བ།

ཨཕ་ག་ནིསིན་ནང་ཕེ་རེན་སིའི་དམག་མི་བཞི་རྐྱེན་ལམ་བཏང་རྗེས་ཡུལ་དེའི་སྲུང་སྐྱོབ་བློན་ཆེན་འཚམས་གཟིགས་སུ་ཕེབས་པ།

༄༅༎ཨཕ་ག་ནིསི་ཏནང་ཕེ་རེན་སིའི་དམག་མི་བཞི་ཏ་ལི་བྭན་དྲག་སྤྱོད་པས་རྐྱེན་ལམ་བཏང་བའི་རྗེས་སུ་ཕ་རེན་སིའི་སྲུང་སྐྱོབ་བློན་ཆེན་གཟིགས་སྐོར་དུ་ཕེབས་ཡོད་འདུག

རེས་གཟའ་སྤེན་པའི་ཉིན་ཤར་ཕྱོགས་ཨཕ་ག་ནིསི་ཏན་ནང་ཏ་ལི་བྭན་དྲག་སྤྱོད་པ་ཁག་ཅིག་གིས་རང་སྲོག་བློས་བཏང་གིས་ཕེ་རེན་སིའི་དཔུང་དམག་ལ་དྲག་རྒོལ་གྱིས་དམག་མི་བཞི་རྐྱེན་ལམ་བཏང་བ་དེ་ནི་ཟླ་བ་སྔོན་མ་ཕ་རན་ཁོའེ་ཧོ་ལན་ཌི་སྲིད་འཛིན་དུ་འོས་འདེམས་རྗེས་ཀྱི་དྲག་རྒོལ་ཐོག་མ་ཡིན་པ་རེད། སྲིད་འཛིན་གྱིས་འོས་བསྡུའི་སྐབས་ཨཕ་ག་ནིསི་ཏན་ནང་ཕེ་རེན་སིའི་དཔུང་དམག་ཕྱི་ལོའི་ལོ་འཇུག་ནས་ཕྱིར་འཐེན་གནང་རྒྱུར་ཐག་གཅོད་གནང་ཡོད་ཀྱང་ད་ཆ་གནས་ཚུལ་དེ་བྱུང་མ་ཐག་ཁོང་གིས་ཕེ་རེན་སིའི་དཔུང་དམག་ཟླ་བ་རྗེས་ནས་ཕྱིར་འཐེན་སྒོ་འཛུགས་གནང་རྒྱུའི་གསལ་བསྒྲགས་གནང་བ་དང་མ་ཟད་སྲུང་སྐྱོབ་བློན་ཆེན་ལེ་ཌེ་རིའན་དེ་རིང་ཨཕ་ག་ནིསི་ཏན་ལ་ཕེབས་ཀྱི་ཡོད་འདུག ཀ་པི་ས་ཞིང་ཆེན་གྱི་ནིཇི་རབ་རྫོང་ནང་བྱུང་བའི་དྲག་རྒོལ་ནང་དམག་མི་གཞན་ལྔ་ཡང་རྐྱེན་ལམ་དུ་བཏང་ཡོད་འདུག ཨཕ་ག་ནིསི་ཏན་ནང་ཕེ་རེན་སིའི་དམག་མི་༣༥༠༠ཡོད་པ་ནས་མང་ཆེ་བ་ས་ཁུལ་དེར་ཡོད་འདུག དེའི་དབར་ལ་ནེ་ཊོའི་དཔུང་དམག་གི་ཨ་རིའི་དམག་སྤྱི་ཇོན་ཨེ་ལེན་གྱིས་རེས་གཟའ་སྤེན་པའི་དྲག་རྒོལ་ལ་བརྟེན་ནས་ས་ཁུལ་དེ་ནས་རྒྱལ་སྤྱིའི་དཔུང་དམག་ཆུང་དུ་གཏོང་རྩིས་མེད་ལུགས་གསུངས་ཡོད་འདུག འདི་ལོ་ཕྱི་ཟླ་དང་པོ་ནས་ཡུལ་དེར་ཕ་རེ་སིའི་དམག་མི་རྐྱེན་ལམ་བཏང་བ་ཐོག་མ་ཡིན་འདུག ད་བར་ཨཕ་ག་ནིསི་ཏན་ཕེ་རེན་སིའི་དམག་མི་༨༧རྐྱེན་ལམ་དུ་ཕྱིན་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org