མེ་ཊས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་རྒྱ་ནག་གིས་ངོ་དེབ་སོགས་དྲྭ་ཐོག་ནས་དྲ་གནས་རྫུན་བཟོས་ཀྱིས་༸གོང་ས་མཆོག་དང་བཙན་བྱོལ་བོད་མི་རྣམས་ལ་སྐྱོན་བརྗོད་དང་དཀྲོག་གཏམ་སྤེལ་བཞིན་ཡོད་པ་ཐེར་འདོན་བྱས་འདུག
རྒྱ་ནག་ནང་ནས་ངོ་དེབ་ཁ་བྱང་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཀྲུག་ཤིང་དང་། ༸གོང་ས་མཆོག་ལ་མཚན་སྨད་ཀྱི་རིགས་སོགས་སྤེལ་བཞིན་པ་ངོ་དེབ་འཛིན་སྐྱོང་བ་མེ་ཊ་ (Meta) འཕྲུལ་ལས་བཟོ་ཚོང་ཁག་གི་སྙན་ཐོའི་ནང་ཐེར་འདོན་བྱས་འདུག
- 2025-03-03
-
-
-
ཁ་སྣོན། : ༢༠༢༥།༠༣།༥ ཉིན་ཁ་སྔོན་ཞུས་ཡོད།
རྒྱ་ནག་ནང་ནས་ངོ་དེབ་ཁ་བྱང་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཀྲུག་ཤིང་དང་། ༸གོང་ས་མཆོག་ལ་མཚན་སྨད་ཀྱི་རིགས་སོགས་སྤེལ་བཞིན་པ་ངོ་དེབ་འཛིན་སྐྱོང་བ་མེ་ཊ་ (Meta) འཕྲུལ་ལས་བཟོ་ཚོང་ཁག་གི་སྙན་ཐོའི་ནང་ཐེར་འདོན་བྱས་འདུག
དེ་ཡང་ངོ་དེབ་སྤྱི་ཚོགས་དྲ་ལམ་འཛིན་སྐྱོང་བདག་འཛིན་གནང་མཁན། མེ་ཊ་འཕྲུལ་ལས་བཟོ་ཚོང་ཁང་གིས་ཕན་ཚུན་འགལ་ཟླའི་ཉེན་ཁ་དང་འབྲེལ་ཏེ་ཕྱི་ལོ་ ༢༠༢༤ ལོའི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་ནང་ནས་ངོ་དེབ་ཀྱི་ཁ་བྱང་རྫུན་མ་དོ་བདག་ཁུངས་སྐྱེལ་མི་ཐུབ་པ་སྣ་ཚོགས་ཆེད་བཟོས་ཀྱིས། རྒྱ་གར་དང་བལ་ཡུལ། འབྲུག་བཅས་ཀྱི་ནང་འཚོ་གནས་ཀྱི་བཙན་བྱོལ་བོད་མི་རྣམས་དམིགས་འབེན་དུ་བཟུང་ནས། བོད་མིའི་སྤྱི་ཚོགས་དང་སྲིད་དོན་ལ་ཇུས་གཏོགས་བྱེད་པ་དང་། བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གང་བྱུང་མཚན་སྨད་སྤེལ་བ། ལྷག་པར་མགོན་པོ་གང་ཉིད་ཀྱི་ཕར་ཚུར་ཕེབས་བཞུད་དང་༸སྐུའི་འཕྲོད་བཞེས་སོགས་དང་འབྲེལ། བོད་མིའི་སྤྱི་ཚོགས་སུ་དཀྲོག་གཏམ་འདྲ་མིན་ཆེད་བཟོས་དང་དཀྲུག་ཤིང་གི་རིགས་ཁུངས་མེད་ཀྱི་རྫུན་གཏམ་སྣ་ཚོགས་སྤེལ་ཡོད་པར་བརྟེན། མེ་ཊ་བཟོ་ཚོང་ཁང་གིས་དེ་རིགས་ངོ་དེབ་ཁ་བྱང་ ༡༨ དང་ཨིནྶ་དྲ་གྲམ་ (Instagram) ཁ་བྱང་ལྔ་བཅས་བཟོ་ཚོང་ཁང་གི་སྒྲིག་གཞི་དང་འགལ་བར་ངོས་འཛིན་གྱིས་ནག་བསུབ་བཏང་ཡོད་པ་སྙན་ཐོའི་ནང་འཁོད་ཡོད་ཅིང་། འདི་ག་རླུང་འཕྲིན་ཁང་ནས་མེ་ཊ་བཟོ་ཚོང་ཁང་ལ་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་སྐོར་ཡིག་ཐོག་བཀའ་དྲི་ཞུས་པར། ང་ཚོས་རྒྱུན་ཆད་མེད་པར་སྤྱི་བའི་གནས་ཚུལ་གླེང་ཕྱོགས་ལ་འགྱུར་བ་གཏོང་ཐབས་བྱེད་པའི་བྱེད་ལས་སྤེལ་མཁན་དག་ལ་བཀག་འགོག་བྱེད་བཞིན་ཡོད་ལ། ཐེངས་འདིར་ང་ཚོས་བཏོན་པའི་སྙན་ཐོ་དེ་ནི་ཕྱི་ལོ་ ༢༠༢༣ ལོའི་དུས་ཚིགས་གསུམ་པའི་སྐབས། གནད་དོན་ཡོད་པ་དང་དེ་སྔ་དྲ་ཁུངས་ནས་ཕྱིར་ཕུད་བཏང་ཟིན་པ་ཚོར་བདེ་འཇགས་རང་བཞིན་ལ་ཉེན་ཁ་ཡོད་པའི་གནས་ཚུལ་བསྐྱར་ཞིབ་དང་འབྲེལ་རྙེད་སོན་བྱུང་བ་ཞིག་དང་། དྲ་ཁུངས་རྫུན་མ་དེ་དག་གིས་རང་གི་ངོ་རྟགས་ངོ་མ་སྦས་ཏེ། བོད་པ་ཡིན་ཁུལ་གྱིས་དྲ་ཁུངས་དོ་བདག་དངོས་གནས་ཚོའི་གནས་ཚུལ་བརྒྱུད་འགོད་དང་། ཁ་ཕྱོགས་བསྒྱུར་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག་ལ། མཇུག་ཏུ་མེ་ཊ་བཟོ་ཚོང་ཁང་གིས་དྲ་ཐོག་ཏུ་ཚོར་བ་སྐྱེན་པའི་གནས་ཚུལ་དག་མཛད་སྤྱོད་པ་ཚོར་མཁོ་སྤྲོད་བྱེད་ཐབས་བྱེད་བཞིན་ཡོད་ལ། ཆབ་སྲིད་དང་འབྲེལ་བའི་དྲིལ་བསྒྲགས་སྐོར་མང་ཙམ་ཤེས་རྟོགས་ཡོང་ཆེད་བརྡ་ཁྱབ་དཔེ་མཛོད་ཁང་ (Ad Library) ཞིག་བཙུགས་ཡོད། བརྡ་ཁྱབ་དཔེ་མཛོད་ཁང་བརྒྱུད་དྲིལ་བསྒྲགས་དེ་དག་སུས་བྱེད་བཞིན་ཡོད་མེད་དང་འགྲོ་གྲོན་སོགས་ག་ཚོད་གཏོང་གི་ཡོད་ཉར་ཚགས་དང་ཤེས་རྟོགས་ཐུབ་པ་བྱེད་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། མེ་ཊ་འཕྲུལ་ལས་བཟོ་ཚོང་ཁང་གིས་ཕྱག་ལས་དེ་ལ་བསྔགས་བརྗོད་དང་བསྟུན། བོད་མིའི་འཆམ་མཐུན་ལ་གནོད་འཚབ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་དྲ་ཚིགས་ཀྱི་རིགས་སུ་གྱུར་པར། བཙན་བྱོལ་བོད་མི་ཚོས་ཡིད་གཟབ་གདོང་ལེན་གནང་དགོས་པའི་སྐུལ་མ་གནང་གི་འདུག
མེ་ཊ་འཕྲུལ་ལས་བཟོ་ཚོང་ཁང་གི་སྙན་ཐོ་དེའི་ནང་། ངོ་དེབ་དང་(X)སྤྱི་ཚོགས་བརྒྱུད་ལམ།ཨིནྶ་དྲ་གྲམ་(Instagram)བཅས་ཀྱི་ནང་གཙོ་ཆེ་ཤོས་བོད་ཡིག་དང་། དབྱིན་ཇིའི་སྐད་ཡིག་གི་ལམ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཀྲོག་གཏམ་དཀྲུག་ཤིང་གི་རིགས་སྣ་ཚོགས་སྤེལ་གྱི་འདུག་ཅེས་འཁོད་ཡོད་པས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་རྒྱ་དང་འཕྲུལ་ལས་ཉམས་ཞིབ་པ། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ནས། ནམ་རྒྱུན་ང་ཚོས་སྤྱི་ཚོགས་དྲ་ལམ་དུ་རྒྱ་ནག་གཞུང་གིས་བཙན་བྱོལ་སྤྱི་ཚོགས་སུ་ཐེ་བྱུས་རྙོག་ཟིང་བསླང་གི་འདུག་ཅེས་དོགས་གཞི་བྱས་ཏེ་ཁ་ནས་བཤད་བསྡད་པ་དང་མཚུངས་སུ། མེ་ཊ་བཟོ་ཚོང་ཁང་གིས་དངོས་སུ་ཉམས་ཞིབ་ཀྱིས་ཁུངས་སྐྱེལ་ར་སྤྲོད་བྱས་པ་ནི། ཧ་ཅང་གལ་གནད་ཆེན་པོར་མཐོང་གི་འདུག་ཅིང་དེ་ལྟར་བོད་མི་ཚོས་ཡིད་གཟབ་གནང་སྟེ། ངོ་དེབ་སོགས་སུ་གང་ཐུབ་ཀྱིས་ཁ་བྱང་རྫུན་མ་རྣམས་ལ་གྲོགས་པོ་མི་བསྒྲིག་པ་དང་ངོ་དེབ་ལ་སྙན་སེང་ཞུ་དགོས་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
མེ་ཊ་འཕྲུལ་ལས་བཟོ་ཚོང་ཁང་གིས་ཡུན་རིང་ཉུལ་ཞིབ་དང་རྗེས་འདེད་བྱས་པ་བརྒྱུད་གོང་གསལ་ཁ་བྱང་རྫུན་མ་ཅན་ཁག་གི་བྱ་སྤྱོད་གསལ་རྟོགས་བྱུང་ཡོད་པ་དང་། ཁོང་ཚོ་ལས་ཁ་བྱང་གཅིག་རྒྱ་གར་ནང་ནས་གསར་འགོད་པར་བརྫུས་ཏེ་དྲ་ཐོག་ཏུ་ཐོན་པ་མ་གཏོགས། གཞན་དག་ཚང་མ་རྒྱ་ནག་ནང་ནས་རྫུན་བཟོ་བྱས་པ་ཤ་སྟག་ཆགས་འདུག་ཅིང་། ཁ་བྱང་རྫུན་མ་དེ་དག་ལ་རྗེས་འབྲང་བ་ ༢༤༠༠ ལྷག་དང་ཁ་བྱང་ ༡༢༠ བརྒལ་བ་ཁོང་ཚོའི་ཁྱུ་ཚོགས་དང་ཡང་ན་ཁ་བྱང་དུ་སྦྲེལ་མྱོང་ཡོད་པ་རེད་འདུག །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་ནོར་འཛོམས།