བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
༧གོང་ས་མཆོག་ནས་བོད་ཀྱི་གསོ་བ་རིག་པས་ནད་རིགས་མང་པོ་ཞིག་རྩ་རྟགས་ལ་བརྟེན་ནས་བརྟག་བཞིན་པ་དེ་དམིགས་བསལ་བ་ཞིག་ཆགས་ཡོད་པས་བདག་གཅེས་དགོས་པ་གསུངས་སོང་།
- 2022-11-24
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༢ཟླ་༡༡ཚེས་༢༤ཉིན་༧སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འགྲོ་ཕན་སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་སྐབས། བོད་ཀྱི་གསོ་བ་རིག་པས་ནད་རིགས་མང་པོ་ཞིག་རྩ་ལ་བལྟས་ནས་ཤེས་ཐབས་ཡོད་པ་དང་། དེ་ཕྱི་རྒྱལ་གྱི་སྨན་པ་ཚོས་ཤེས་ཀྱི་མེད་དུས། བོད་ཀྱི་གསོ་བ་རིག་པའི་སྨན་དེ་དཔེ་ཡག་པོ་ཡིན་པས། ཕྱོགས་གཅིག་ནས་གསོ་བ་རིག་པས་མི་ལ་ཕན་ཐོགས་བྱུང་གི་ཡོད་པ་དང་། གཉིས་ནས་བོད་ཀྱི་རིག་གཞུང་ཆགས་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་གསུངས་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད། ང་ཚོ་བོད་མི་རིགས་ལ་མཚོན་ན་ནང་དོན་རིག་པའི་ཆོས་ཕྱོགས་ཀྱི་ཐོག་ནས་འཛམ་གླིང་ལ་སྐད་གྲགས་ཡོད་པ་ཞིག་ཆགས་བསྡད་ཡོད་པ་དང་། ང་ཚོར་ནང་དོན་རིག་པ་ཞེ་དྲག་སྤུས་དག་པོ་ཞིག་ཡོད་བསྡད་པའི་སྒང་ལ། གསོ་བ་རིག་པ་དེ་ལུས་པོའི་བདེ་ཐང་སྒང་ལ་ཕན་ཐོགས་བྱེད་ཐུབ་པ་ཡོད་པས། བོད་མི་རིགས་ཀྱི་རིག་གཞུང་དེ་དངོས་ནས་ཕན་ཐོགས་ཡོད་བསྡད་པ་ཞིག་ཡིན་པས། དེ་ལ་ཁྱེད་རང་ཚོས་དོ་སྣང་དང་ཁ་ཐུག་གིས་ནད་པ་ལ་ཕན་ཐོགས་ཙམ་མ་ཡིན་པར། བོད་ཀྱི་གསོ་བ་རིག་པར་བདག་གཅེས་ཀྱི་བསམ་བློ་དགོས་པ་སོགས་གསུངས་སོང་།
ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས་འགྲོ་ཕན་སྨན་རྩིས་ཁང་གི་སྐབས་༢༡པའི་སྨན་རྩིས་སློབ་ཐོན་པ་༢༩་དང་དགེ་ལས་བཅས་༥༡ཡོད་པ་དང་། འགྲོ་ཕན་སྨན་རྩིས་ཁང་གི་དྷ་རམ་ས་ལའི་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་ངག་དབང་བཟོད་པ་ལགས་ནས། སྨན་སློབ་རིམ་པ་དང་པོ་ནས་བཟུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁ་བཀའ་སློབ་རིམ་པ་གནང་ཡོད་པ་དང་། ཐེངས་འདིར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། བོད་ཀྱི་གསོ་བ་རིག་པར་དམིགས་བསལ་མ་ཡིན་པའི་ནད་བརྟག་ཐབས་ལ་རྩ་རྟགས་ཀྱི་ཐབས་ལ་བརྟེན་བཞིན་ཡོད་པ་དེ་བདག་གཅེས་དགོས་པར་གསུང་བ་དེ་བཀའ་སློབ་དམིགས་བསལ་བ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་འགྲོ་ཕན་སྨན་རྩིས་ཁང་ཞེས་དེ་སྔ་བོད་གཞུང་སྨན་རྩིས་ཁང་དང་བོད་ཀྱི་སྨན་རྩིས་ཁང་དེ། ཕྱི་ལོ་ཕྱི་ལོ་༡༩༡༦ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་གསར་འཛུགས་གནང་ཡོད་པ་དང་། དེའི་རྗེས་བཙན་བྱོལ་དུ་ཕེབས་རྗེས་ཕྱི་ལོ་༡༩༦༡ཟླ་༣ཚེས་༢༣ཉིན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་སྨན་པའི་ཐུགས་འགན་བླ་སྨན་ཡེ་ཤེས་དོན་ལྡན་གྱིས་གནང་ཡོད་པ་དང་། ཕྱི་ལོ་༢༠༡༦ལོ་རྒྱ་གར་གྱིས་གཙོས་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཁ་ཤས་སུ་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཀྱང་ཞུས་གནང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།