༢༠༠༨རྩ་འཛིན་ཡིག་ཆར་ས་རྟགས་བཀོད་མཁན་ཚོར་དམ་བསྒྲཌ།

ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་མཁན་ཚོས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་གནས་ཚུལ་འབྲི་བཀོད་ཆོག་རྒྱུ་མིན་པ།

༄༅༎ཉེ་ཆར་རྒྱ་ནག་ནང་གི་ཁྲིམས་རྩོད་པ་དང་རྩོམ་པ་པོ།མཁས་དབང༌།གསར་འགོད་པ་དང་ཞིང་པ་ལ་སོགས་པ་སྤྱི་ཚོགས་ཀྱི་སྡེ་ཁག་འདྲ་མིན་གྱི་མི་སྣ་གསུམ་བརྒྱ་ལྷག་གིས་རྒྱ་ནག་ནང་བཅོས་བསྒྱུར་དགོས་རྒྱུའི་བསམ་འཆར་འཁོད་པའི་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཟེར་བ་ཞིག་གི་ཐོག་མིང་རྟགས་བཀོད་དེ་ཡོངས་ཁྱབ་འགྲེམ་སྤེལ་བྱས་མཁན་ཚོས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་འབྲི་བཀོད་ཆོག་རྒྱུ་མིན་པ་རྒྱ་ནག་གཞུང་གིས་དམ་བསྒྲགས་བཀལ་འདུག

དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་ཕྱི་ཚེས་ཉི་ཤུ་རྩ་བདུན་ཉིན་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གི་ནུས་ཤུགས་ཆེ་བའི་ཆབ་སྲིད་དྲིལ་བསྒྲགས་ལས་ཁང་གིས་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཟེར་བར་མིང་རྟགས་བཀོད་མཁན་གྱི་གྲས་སུ་གསར་འགོད་ལས་རིགས་ཀྱི་མི་སྣ་ཡོད་པ་ཁོང་ཚོ་འཚོལ་ཞིབ་དང་ཁོང་ཚོའི་ཐོག་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་སྐོར་བཀའ་རྒྱ་བཏང་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་སྒྲིག་འཛུགས་ཀྱི་ལས་བྱེད་པ་མཐོ་གྲས་ཤིག་གིས་འགྲེལ་བརྗོད་བྱས་འདུག ཁོང་གིས་ད་དུང་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ལས་ཁང་གིས་གསར་འགོད་པ་ཚོས་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་མཁན་ཚོར་བཅར་འདྲི་བྱེད་མི་ཆོག་པ་དང་ཡིག་ཆ་དེར་མིང་རྟགས་བཀོད་མཁན་གྱི་གསར་འགོད་པ་ཚོར་ཁ་པར་དང་དེ་མིན་གྱི་བརྒྱུད་ལམ་གཞན་ཐོག་ནས་ཐལ་ཆའི་བྱ་སྤྱོད་སྤེལ་རྒྱུ་མེད་པའི་ཉེན་བརྡ་ཡང་བཏང་ཡོད་པ་འགྲེལ་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་མཁན་ཚོའི་ཐོག་དམ་བསྒྲགས་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་མུ་མཐུད་རྒྱ་རིགས་མི་དམངས་ནང་ནས་ཡིག་ཆ་དེར་མིང་རྟགས་འགོད་མཁན་མི་ཡོང་རྒྱུའི་སྔོན་འགོག་གི་ཐབས་ལམ་ཞིག་ཡིན་ལུགས་རྒྱ་ནག་ནང་བཅའ་ཞུགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཀྲུའུ་ཀོ་ཆིང་གིས་གསུངས་འདུག སྐུ་ཞབས་ཀྲུའུ་ཡང་ཡིག་ཆ་དེར་མིང་རྟགས་བཀོད་མཁན་གྲས་ཤིག་ཡིན་པ་དང་ཁོང་གིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཀྱི་སྲིད་བྱུས་འདིས་གསར་འགོད་པ་ཚོའི་ལས་དོན་ཐད་ཤུགས་རྐྱེན་ཡོང་རྒྱུ་ཙམ་མིན་པར་རྒྱུན་དུ་བརྒྱུད་ལམ་ཁག་གི་ནང་དཔྱད་རྩོམ་སྤེལ་མཁན་མཁས་དབང་དང་ཤེས་ཡོན་ཅན་པ་ཚོའི་ལས་དོན་ཐད་ལ་ཡང་ཤུགས་རྐྱེན་ཡོང་རྒྱུ་ཡིན་པ་གསུངས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org