རྡ་རམ་ས་ལའི་ལམ་ཁྲོམ་སྟོན་མཁན་ཚོར་གྲོང་བརྡལ་འཛུགས་བསྐྲུན་སོགས་ཀྱིས་ཕར་ཚུར་གནས་སྤོས་ཀྱི་དཀའ་ངལ་ཡོད་པ།
རྡ་རམ་ས་ལའི་ལམ་ཁྲོམ་སྟོན་མཁན་ཚོར་གྲོང་བརྡལ་འཛུགས་བསྐྲུན་སོགས་ཀྱིས་ཕར་ཚུར་གནས་སྤོས་ཀྱི་དཀའ་ངལ་ཡོད་པར། གཏན་འཇགས་ཁྲོམ་ས་གནང་ཐབས་ཀྱི་རེ་བ་བྱེད་བཞིན་པ།
- 2023-02-18
-
-
-
Your browser doesn’t support HTML5 audio
རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་གི་གྲོང་བརྡལ་དང་གྲོང་ཁྱེར་ཁག་ཅིག་Smartcityདམིགས་བསལ་ཡར་རྒྱས་ལྡན་པའི་ལས་འཆར་བཀོད་པ་བཞིན། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་ཁུལ་དེ་ཡང་ཡར་རྒྱས་འཛུགས་སྐྲུན་གྱི་གྲོང་ཁྱེར་གྱི་ཁོངས་སུ་བཅུག་ཡོད་པར་བརྟེན། བཞུགས་སྒར་གྱི་ཁྲོམ་ལམ་ཆེ་གནད་ཁག་བསྐྱར་དུ་འཛུགས་སྐྲུན་ཤུགས་ཆེ་གནང་གི་ཡོད་པའི་སྐབས་འདིར། ལམ་ཟུར་གཡས་གཡོན་དུ་ཐང་ཁྲོམ་བསྟན་ཏེ་འཚོ་བ་སྐྱེལ་མཁན་གྱི་རྒྱ་གར་ཡུལ་མི་དང་བོད་མི་མང་པོ་ཡོད་པ་ལས། གནས་སྤོར་གནང་དགོས་པ་དང་ཁྲོམ་སར་དཀའ་ངལ་ཡོད་པའི་རྒྱ་གར་ཡུལ་མི་དང་བོད་མི་ཚོ་ལས་བོད་མི་ཁྱིམ་ཚང་༡༡༦ཙམ་ཡོད་པ་ཕལ་ཆེ་བ། ཕར་ཚུར་གནས་སྤོ་བྱེད་དགོས་པ་དང་ཁྲོམ་ས་ལ་ངེས་གཏན་མེད་པའི་དཀའ་ངལ་སོགས་འཕྲད་བཞིན་པ་མ་ཟད། དཔེར་ན། ལམ་ཁྲོམ་སྟོན་མཁན་སྒྲོལ་མ་དབྱངས་ཅན་ལགས་ནས།ཁྲོམ་ལམ་གསར་པ་འཛུགས་སྐྲུན་བྱས་ཚར་པའི་རྗེས་སུ། ཁ་ཤས་སྔ་མའི་ཁྲོམ་ས་ལ་རང་འཇགས་སུ་སྤོ་ཆོག་པ་དང་མི་ཆོག་པ་སོགས་འདྲ་མིན་བཤད་ཀྱི་འདུག་པས། འབྲེལ་ཡོད་རྣམ་པས་བོད་མི་ཚོར་ས་ཆ་གཅིག་ལ་ཁྲོམ་ས་བརྟན་པོ་ཞིག་གནང་རྒྱུའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་དབུས་གཞུང་གི་ལས་འཆར་དེ་ནི་ལོ་ཤས་སྔོན་ནས་འཆར་འགོད་དང་འབྲེལ། རྒྱ་གར་གཞུང་གིས་འགྲོ་སོང་འཕོན་ཆེ་བཏང་ནས་ལས་འཆར་གྱི་ཁོངས་སུ་ཚུད་པའི་གྲོང་སྡེ་ཁག་ཡར་རྒྱས་འཛུགས་སྐྲུན་དང་ཚགས་ཚུད་པོ། མཐུན་རྐྱེན་འཛོམས་པ་བཅས་བཟོ་བཞིན་པའི་མུར། སྤྱི་ལོ་༢༠༢༥ལོར་ལས་འཆར་དེ་མཇུག་གྲུབ་པ་གནང་དགོས་ཀྱི་ཡོད་པ་དང་། བཞུགས་སྒར་གཙུག་ལག་ཁང་གི་ཁྲོམ་ལམ་དུ་ལམ་ཁྲོམ་ཡོད་པ་མང་དག་ཅིག་འགྱིག་ཤོག་གི་ཁ་མདོག་དང་ཆེ་ཆུང་སོགས་ཆ་སྙོམས་པོ་མེད་པའི་རྐྱེན་གྱིས་ཆ་སྙོམ་ཡོང་བར་ལམ་ཁ་གསར་བཟོ་བྱེད་པའི་རིང་རླངས་འཁོར་འཇོག་ས་ལ་མི་ཚང་༢༤གནས་སྐབས་རིང་གནས་སྤོས་གནང་བཅུག་ཡོད་པ་དེ་རྗེས་སུ་རང་འཇགས་གནས་སྤོར་གནང་ཆོག་པ་རྒྱ་གར་གྲོང་སྡེ་ལས་ཁུངས་ཀྱི་ཡིག་ཆ་ཆ་ཚང་ཡོད་པ་ཡིན་ནའང་། མེཀ་ལོར་གྷན་ཇིའི་ཁྲོམ་གཞུང་དུ་ལམ་ཁྲོམ་སྟོན་མཁན་ཚོ་ས་ཆའི་གནས་བབ་ཀྱི་ཐོག་ནས་ཁྲིམས་ཐོག་ནས་ཁྲོམ་སྟོན་ཆོག་གི་མེད་པར་བརྟེན་དེ་ཚོ་ལ་ས་གནས་འགོ་འཛིན་གྱི་ངོས་ནས་ཁྲོམ་ས་ཞིག་རག་རྒྱུར་འབད་བརྩོན་གནང་བཞིན་་ཡོད་པ་རྡ་རམ་ས་ལའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ནས་འགྲེལ་བརྗོད་གནང་གི་འདུག
བོད་མི་གཙོས་པའི་ལམ་ཁྲོམ་སྟོན་མཁན་ཚོར་སྤྱིར་བཏང་ས་ཆ་སྤྲོད་ངེས་ཡིན་པ་གསུང་གི་ཡོད་ནའང་གཏན་ཁེལ་དང་ཡིག་ཐོག་ནས་ཐག་གཅོད་དེ་འདྲ་གནང་མེད་པར་བརྟེན་ལམ་ཁྲོམ་སྟོན་མཁན་མང་ཆེ་བར་དེའི་ཐོག་ནས་བློ་འཚབ་ཡོང་གི་ཡོད་པས་ཁྲོམ་ས་གཏན་ཁེལ་ཡོང་བའི་རེ་བ་ཡོད་ཅེས་ལམ་ཁྲོམ་མཐུན་ཚོགས་ཀྱི་རྒྱུན་ལས་པད་མ་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གྲོང་སྡེ་ཡར་རྒྱས་དང་ཁྲོམ་ལམ་འཛུགས་སྐྲུན་གྱི་སྐབས་ལམ་འགྲམ་གཡས་གཡོན་གྱི་ཆུ་ཡུར་གསར་བཟོ་གནང་བར་ལམ་ཁ་རྙིང་པ་གཏོར་དགོས་པའི་ཞོར་དུ་གཞུང་གི་ལམ་ཐིག་ནང་ཁེལ་བའི་ཚོང་ཁང་དང་སྐས་འཛེགས་ཁ་ཤས་གཏོར་དགོས་བྱུང་ཡོད་པ་དང་སྤྱིར་བཏང་བཞུགས་སྒར་མེཀ་ལོར་ཊི་གྷན་ཇིའི་ཁྲོམ་གཞུང་དུ་བོད་མི་ལམ་ཁྲོམ་སྟོན་མཁན་༡༡༦ཡོད་པ་དང་། དེ་ཚོ་ལས་གཙུག་ལག་ཁང་གི་ལམ་ཁའི་མི་ཚང་༥༠ལ་ཁྲོམ་ས་རང་འཇགས་རག་རྒྱུ་ཡིན་པ་རྒྱ་གར་གྲོང་སྡེ་ལྷན་ཁང་གི་ཡིག་ཆ་ཡོད་ནའང་། དེ་མིན་གྱི་བོད་མི་ཐང་ཁྲོམ་ཚོང་པ་ཚོར་ཁེར་གཙང་དང་ས་ཆ་ཞིག་རག་ཐབས་སུ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ཡིག་ཐོག་ནས་དགོས་འདུན་བཏོན་པར་རྒྱ་གར་གྲོང་སྡེ་ལས་ཁུངས་ནས་ངོས་འཛིན་གནང་ཡོད་པར་བརྟེན། ད་ཆ་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཆོག་མཆན་འཐོབ་པར་སྒུག་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།