བོད་མི་ཚོར་མི་རིགས་གཞན་དང་གཅིག་མཚུངས་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་དགོས། ཨ་རིའི་གྲོས་ཚོགས་འཐུས་མིས།

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Michael McCaul ལགས་ཀྱིས་ Twitter དྲ་རྒྱ་བརྒྱུད་བོད་མི་ཚོར་མི་རིགས་གཞན་ལྟར་ཆོས་དད་རང་དབང་གི་ཐོབ་ཐང་གཅིག་འགྱུར་དགོས་པ་བརྗོད་འདུག

སྒྲིག་བཟོ།

ཕྱི་ཟླ་ ༣ ཚེས་ ༢༧ དང་ ༢༨ བཅས་སུ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་མངའ་སྡེ་ཁག་ ༢༠ ལྷག་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཙམ་མཉམ་འཛོམས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་པར་བོད་དོན་དཀའ་རྙོག་སེལ་རྒྱུར་བོད་རྒྱ་གྲོས་མོལ་ལ་སྐུལ་དེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་དང་།  དེའི་སྐབས་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མིའམ་འཐུས་མིའི་ལས་བྱེད་ཚོར་ཞུ་གཏུག་གནང་མཁན་ཚོར་ཐུགས་འཕྲད་ཀྱིས་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་རྣམ་འགྱུར་བཏོན་གནང་ཡོད་པ་རེད།   ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michael McCaul ལགས་ཀྱིས་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ་བྱུང་བའི་རྗེས་ Twitter  དྲ་རྒྱ་བརྒྱུད་ནས་བོད་མི་ཚོར་ཆོས་དད་རང་དབང་གི་ཐོབ་ཐང་དགོས་པ་བཀོད་གནང་ཡོད་པའི་ཁར།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་ Hollywood གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Richard Gere གྱིས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད།  ང་ཚོས་ཐུན་མོང་གི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་དེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མུ་མཐུད་རྡུང་རྡེག་དང་སྡུག་རྩུབ་གཏོང་རྒྱུར་ཁས་ལེན་བྱ་ཐབས་མེད་ཅེས་བཀོད་གནང་ཡོད་འདུག   ཕྱི་ཟླ་༣ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་རྒྱུན་ལས་འཐུས་མི་རྣམས་པས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་དང་འབྲེལ་གསར་འགོད་གསལ་བསྒྲགས་བསྐོངས་ཚོགས་གནང་སྟེ། རྒྱ་ནག་གཞུང་ལ་བོད་མིའི་རྒྱལ་རབས་ལོ་རྒྱུས་ནག་བསུབ་གཏོང་འཇུག་རྒྱུ་མིན་ལ་བོད་མི་ཚོའི་ཐོག་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་གསུངས་པ་དང་། སྐབས་དེར་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མ་ཡེ་ཀལ་མེ་ཀོལ་(Michael McCaul)ལགས་ཀྱིས། ང་ཚོའི་གྲོས་འཆར་གྱི་འབྲུ་དོན་ནང་གསལ་ཡོད་པ་བཞིན། རྒྱ་ནག་གཞུང་གིས་དོན་དམ་པའི་ཐོག་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་དང་དཀའ་རྙོག་སེལ་ཐབས་བྱེད་འདོད་ཡོད་ན་ཞི་མོལ་བསྐྱར་གསོ་བྱེད་དགོས་ཞེས་གསུངས་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་ཐེ་བྱུས་དང་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱེད་རྒྱུ་མེད་པ་གསལ་སྟོན་དང་འབྲེལ་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག།

གསར་འགོད་པ། འཆི་མེད།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org