གསེར་རྟ་བླ་རུང་ཆོས་སྒར་གཏོར་བཞིན་པར་གང་སར་ངོ་རྒོལ།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ནས་གྲ་བཙུན་ཕྱིར་ཕུད་བྱེད་བཞིན་པར་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་འཆར་འདུག

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པའི་ཡུལ་དངོས། ༢༠༡༦།༡༠ བོད་འབྱོར།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ནས་གྲ་བཙུན་ཕྱིར་ཕུད་བྱེད་བཞིན་པར་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་འཆར་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱེད་པའི་བོད་དོན་ལས་འགུལ་དང་ལོན་ཊོན་ནང་གནས་སྡོད་བོད་མི་ཚོས་ཟླ་བ་འདིའི་ཚེས་༡༩འི་ཉིན་ལོན་ཊོན་ནང་གི་རྒྱ་ནག་གཞུང་ཚབ་མདུན་དུ། རྒྱ་ནག་གཞུང་གིས་བོད་ཀྱི་ནང་པའི་རིག་གནས་སློབ་གཉེར་བྱེད་ཡུལ་ཆེ་གྲས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་བཏང་དང་གཏོང་མུས་ཐོག་དགེ་བཙུན་རྣམས་ཀྱང་
ཕྱིར་འབུད་གཏོང་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།
ལས་འགུལ་གྱི་གསལ་བསྒྲགས་ནང་། དེའི་ཉིན་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲོད་དར་ཐོགས་ཅིང་། བླ་རུང་སྒར་གྱི་འདས་བ་དང་ད་ལྟའི་དཔར་རིས་སྣ་ཚོགས་དམིགས་སུ་བཀར་ནས་བླ་རུང་སྒར་གཏོར་བཤིག་བཏང་བའི་དངོ་སཡོད་གནས་ཚུལ་འགྲེམས་སྟོན་གྱི་ལམ་ནས་མི་མང་ལ་སྟོན་རྒྱུ་ཡིན་པ་རེད།
ད་དུང་གནས་ཚུལ་ནང་། ཚེས་༡༩འི་ཉིན་གྱི་ངོ་རྒོལ་ལས་འགུལ་དེ་བཞིན་དབྱིན་ཡུལ་ཙམ་མིན་པར་ཇར་མན་དང་། རྦར་ལིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག ཧྥ་རན་སིའི་རྒྱལ་ས་པེ་རི་སི། ཀེནེཌའི་གྲོང་ཁྱེར་Toronto ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་སོགས་སུ་དུས་མཉམ་དུ་སྤེལ་རྒྱུ་ཡིན་པ་རེད།

གསར་འགོད་པ་འབེན་པ་སྟོབས་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org