རྒྱ་ནག་ནང་རྒྱས་སྤྲོས་ཆུད་ཟོས་མི་ཆོག་པའི་བཀའ་རྒྱ་གསར་ཤོས།
རྒྱ་ནག་ནང་རྒྱས་སྤྲོས་ཆུད་ཟོས་མི་ཆོག་པའི་བཀའ་རྒྱ་གསར་ཤོས་དེ་མཱ་ཅང་ལ་སོགས་པ་རྒྱན་རྩེད་མི་ཆོག་པ་དེ་ཡིན་འདུག
-
2014-10-28 -
-
-
རྒྱ་ནག་ནང་རྒྱས་སྤྲོས་ཆུད་ཟོས་མི་ཆོག་པའི་བཀའ་རྒྱ་གསར་ཤོས་དེ་མཱ་ཅང་ལ་སོགས་པ་རྒྱན་རྩེད་མི་ཆོག་པ་དེ་ཡིན་འདུག
དེ་ཡང་རྒྱ་ནག་གཞུང་གིས་གཞུང་གི་དཔོན་རིགས་ཚོས་རྒྱས་སྤྲོས་ཆུད་ཟོས་དང་། ལོག་འཚོར་རོལ་བཞིན་པ་འགོག་ཐབས་ཆེད་དམ་དྲག་གི་ལས་དོན་ཤུགས་ཆེ་སྤེལ་བཞིན་པའི་ཁོངས་ནས་དམ་དྲག་བཀག་འགོག་གི་བཀའ་རྒྱ་གསར་ཤོས་དེ་མཱ་ཅང་ལ་སོགས་པ་རྒྱན་རྩེད་མི་ཆོག་པ་དེ་ཡིན་འདུག མཱ་ཅང་ནི་རྒྱ་ནག་ནང་ཧ་ཅང་དར་ཁྱབ་ཆེན་པོ་ཡོད་པའི་རྒྱན་རྩེད་ཞིག་ཡིན་ན་ཡང་། གཞུང་གི་དཔོན་རིགས་ཚོས་རྒྱན་རྩེད་ཀྱི་རང་བཞིན་དེ་ཧ་ཅང་ཐལ་དྲག་པའི་གནས་ཚད་ཞིག་ཏུ་བསྐྱེལ་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བ་ཕྷརནསི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་དེའི་ནང་། ཏང་ངམ་དམར་ཤོག་ཚོགས་པའི་དཔོན་རིགས་ཚོ་གྲོང་གསེབ་ས་ཁུལ་དུ་ལས་དོན་ཆེད་དབེན་གནས་སུ་བསྐྱོད་པའི་མིང་གི་ཐོག་ནས་དོན་དངོས་མཱ་ཇང་ལ་སོགས་པའི་རྒྱན་རྩེད་བྱ་བར་རོལ་བཞིན་པའི་བྱ་སྤྱོད་ཡོངས་སུ་མཚམས་འཇོག་དགོས་ཀྱི་རེད་ཅེས་དང་། དེ་མཚུངས་གཞུང་གི་དཔོན་རིགས་ཚོ་གཞུང་གི་དངུལ་འགྲོ་སོང་བཏང་སྟེ་ལོ་རྒྱུས་ལྡན་པའི་ས་ཁུལ་ཁག་ཏུ་ཞིབ་འཇུག་ཆེད་བསྐྱོད་ཀྱི་ཡོད་ལུགས་དང་དོན་དུ་སྤྲོ་སེང་དུ་འགྲོ་བའི་བྱ་སྤྱོད་དེ་དག་ཀྱང་མཐའ་གཅིག་ཏུ་མཚམས་འཇོག་དགོས་ཀྱི་རེད་ཅེས་བརྗོད་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱ་ནག་གི་དཔོན་རིགས་ཚོའི་ཁྲོད་དུ་ལྐོག་ཟ་རུལ་སུངས་ཤུགས་ཆེ་ཁྱབ་པ་འགོག་ཐབས་ཀྱི་ལས་འགུལ་སྤེལ་བ་ནས་བཟུང་གཞུང་གི་དཔོན་རིགས་དང་ལས་བྱེད་པ་ཚོས་རྒྱས་སྤྲོས་ཤུགས་ཆེ་བྱ་སྲོལ་ཡོད་པ་མང་དག་ཞིག་བཀག་འགོག་བྱས་པའི་རྐྱེན་གྱིས་རིན་གོང་ཆེན་པོའི་དངོས་རྫས་ཚོང་བསྒྱུར་ཉུང་དུ་ཕྱིན་པ་དང་། མགྲོན་ཁང་དང་ཟ་ཁང་སོགས་ཀྱི་ཚོང་ཉུང་དུ་ཕྱིན་པའི་རྐྱེན་བྱས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།