༧གོང་ས་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་ཕུལ་བ།

༧གོང་ས་མཆོག་ལ་ལོ་ཡོ་ལ་གཙུག་ལག་སློབ་གྲའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་ཡོ་ལ་གཙུག་ལག་སློབ་གྲའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་རྗེས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་བསྩལ་ཡོད་འདུག
ཕྱི་ཟླ་ཞི་པའི་ཚེས་༢༦ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཆི་ཁ་གོར་རྟེན་གཞི་བྱས་པའི་ལོ་ཡ་ལ་གཙུག་ལག་སློབ་གྲས་གོ་སྒྲིག་ཞུས་པ་བཞིན་མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་བསྩལ་ཡོད་ཅིང་མཛད་སྒོའི་ཐོག་མར་ཡི་ཤུ་དང་ ཁ་ཆེ་ ནང་པ་ ཇིའུ་སོགས་ཀྱི་ཆོས་ལུགས་མཚོན་པའི་སློབ་ཕྲུག་ཁག་གཅིག་གིས་སྨོན་ལམ་འདོན་རྗེས་གཙུག་ལག་སློབ་གྲའི་སྒྱུ་རྩལ་དང་ཚན་རིག་ཚན་པའི་འགན་འཛིན་སྐུ་ཞབས་ཕེརེང་ཕེ་ནེལ་དང་ཡེ་ཤུའི་བླ་མ་ག་རན་ཛི་ནི་མཆོག་ཟུང་འབྲེལ་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་གོང་འཕེལ་གཏོང་ཐབས་ཀྱི་མཛད་རྗེས་ལ་ངོས་འཛིན་ཞུས་ཆེད་ ༧གོང་ས་མཆོག་ལ་ལོ་ཡོ་ལ་གཙུག་ལག་སློབ་གྲའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད་ཅིང་ ཕྱག་འཁྱེར་འབུལ་བཞེས་གྲུབ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་གཙུག་ལག་སློབ་གྲར་ཐུགས་རྗེ་ཆེ་ཞུ་གནང་མཛད་པ་དང་སྦྲགས་བཀའ་སློབ་སྩལ་གནང་མཛད་པའི་ནང་ ངོས་ཀྱིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་ཕྲན་བུ་བྱས་པ་དེར་ངོས་འཛིན་ཐོབ་པ་ཞིག་ཡིན་པ་བསམ་བཞིན་ཡོད་ ཆོས་ལུགས་སོ་སོའི་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཡོད་ཀྱང་བྱམས་པ་དང་བརྩེ་བ་ བཟོད་བསྲན་སོགས་ལག་ལེན་དགོས་པའི་བསླབ་བྱ་གཅིག་་མཚུངས་སུ་ཡོད་ དེར་བརྟེན་སོ་སོའི་ཆོས་ལུགས་ཉམས་ལེན་བྱེད་བཞིན་དུ་ཆོས་ལུགས་གཞན་ལ་ཡང་གུས་བརྩི་ཞུ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སོགས་བཀའ་སློབ་སྩལ་འདུག བཀའ་སློབ་སྒྲུབ་པའི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གཉེར་བ་ཁག་ཅིག་གི་དྲི་བར་བཀའ་ལན་ཡང་སྩལ་ཡོད་པ་དང་མཛད་སྒོ་གྲུབ་རྗེས་༧གོང་ས་མཆོག་ཆི་ཁ་གོའོ་ནས་མཁའ་ལམ་བརྒྱུད་ཁ་ན་ཊའི་གྲོང་ཁྱེར་ཨོ་ཊ་ལྦ་རུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཏེ་ཉིན་དེའི་ཉིན་རྒྱབ་ཏུ་ཨོ་ཊ་ལྦ་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org