ཐའེ་ལྦན་ནང་ཕྲུ་གུའི་སྐྱེད་ཚད་དམའ་བས་དཀའ་ངལ་འཕྲད་སྲིད།

ཐའེ་ལྦན་ནང་ཕྲུ་གུའི་སྐྱེད་ཚད་དམའ་པོ་དང་ལོ་ན་རྒས་པའི་མིའི་གྲངས་འབོར་མང་དུ་འགྲོ་གི་ཡོད་པ་དེས་དཀའ་ངལ་ཆེན་པོ་ཞིག་ཆགས་རྒྱུའི་ཉེན་ཁ།

༄༅༎མིག་སྔར་ཐའེ་ལྦན་ནང་ཕྲུ་གུའི་སྐྱེད་ཚད་དམའ་པོ་དང་ལོ་ན་རྒས་པའི་མིའི་གྲངས་འབོར་མང་དུ་འགྲོ་གི་ཡོད་པ་དེས་ཐའེ་ལྦན་ནང་སྤྱི་ཚོགས་ཀྱི་དཀའ་ངལ་ཆེན་པོ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་ཐའེ་ལྦན་འཕྲོད་བསྟེན་བློན་ཆེན་གྱིས་གསུངས་པའི་སྙན་ཐོ་ཞིག་དེ་རིང་འདོན་སྤེལ་བྱས་འདུག། མི་འབོར་ས་ཡ་༢༣ཡོད་པའི་ཐའེ་ལྦན་ནང་བུད་མེད་གཅིག་ལ་ཕྲུ་གུའི་བསྐྱེད་ཚད་ཆ་སྙོམ་གྲངས་ཀ་༡དང་གྲངས་ཆུང་༠༧ལས་མེད་པ་དེ་ནི་ཉི་ཧོང་ནང་ཕྲུ་གུའི་སྐྱེད་ཚད་ཆ་སྙོམ་གྲངས་༡དང་གྲངས་༥༧ལས་ཉུང་བ་ཡོད་སྐོར་ཐའེ་ལྦན་གྱི་ཆིགས་བསྒྲིལ་ཉིན་རེའི་གསར་ཤོག་གིས་འཕྲོད་བསྟེན་བློན་ཆེན་དབྱངས་ཁྲི་ལིའང་གིས་གསུང་པ་ལུང་འདྲེན་གནང་བཞག། འཕྲོད་བསྟེན་བློན་ཆེན་དབྱངས་ཀྱིས་ཐའེ་ལྦན་ནང་དམག་འཁྲུག་གམ་དེ་མིན་གྱི་གོད་ཆགས་གཞན་གྱི་ཉེན་ཁ་མེད་ནའང༌ད་ལྟའི་སྐབས་འདིར་གསར་བསྐྱེད་ཕྲུ་གུའི་གྲངས་ཚད་ལོ་རེ་ནས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཆེན་པ་ཆགས་ཀྱི་ཡོད་སྐོར་གསུངས་འདུག། གསར་བསྐྱེད་ཕྲུ་གུའི་གྲངས་འབོར་ཉུང་དུ་འགྲོ་གི་ཡོད་པ་དེས་ད་ཕྱིན་ཐའེ་ལྦན་ནང་གི་ལོ་རྒས་པའི་ཡུལ་མི་ཚོར་ལྟ་རྟོགས་བྱེད་མཁན་གཞོན་ནུ་མེད་པའི་དཀའ་ངལ་ཆགས་བཞིན་ཡོད་པ་རེད། དེང་སང་ཐའེ་ལྦན་ནང་མི་མང་པོ་ཞིག་གིས་ཕྲུ་གུ་བསྐྱེད་རྒྱུའི་ཚབ་ཏུ་ཁྲི་དང་ཞི་མི་སོགས་གསོ་སྐྱོང་བྱེད་ཀྱི་ཡོད་པར་བརྟེན་ཁྲོམ་གཞུང་ནང་ཕྲུ་གུའི་རྩེད་ཆས་དང་ཕྲུ་གུར་མཁོ་བའི་དངོས་རྫས་རིགས་ཚོང་སྒྱུར་བྱེད་མཁན་གྱི་ཚོང་ཁང་མང་པོ་ཞིག་སྒོ་རྒྱབ་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་འཕྲོད་བསྟེན་བློན་ཆེན་གྱིས་མུ་མཐུད་འགྲེལ་བརྗོད་གནང་བཞག། དེ་བཞིན་ཤེས་རིག་འབྲེལ་བ་ཡོད་པའི་མི་སྣ་ཚོས་མ་འོངས་པར་སློབ་ཕྲུག་གསར་བཞུགས་བྱེད་མཁན་མེད་པའི་རྐྱེན་གྱིས་༢༠༢༡མཚམས་སུ་ཐའེ་ལྦནང་མཐོ་སློབ་ཁང་མང་པ་ཞིག་སྒོ་མ་བརྒྱབ་དཀའ་མེད་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org