༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུས་པ་དེ་རྒྱ་ནག་རང་ཉིད་ཀྱིས་རང་ལ་གདེང་སྤོབས་མེད་པའི་རྟགས་རེད་ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུས་པ་དེ་རྒྱ་ནག་རང་ཉིད་ཀྱིས་རང་ལ་ཡིད་ཆེས་དང་གདེང་ཚོད་མེད་པའི་བྱ་སྤྱོད་ཅིག་རེད་ཅེས་རི་ཆརཌི་གྷིཡར་ལགས་ཀྱིས་གསུངས་འདུག
- 2022-07-16
-
-
-
ཨ་རིའི་གློག་བརྙན་ཁྲབ་སྟོན་པ་གྲགས་ཅན་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་༧གོང་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཐག་ཉེ་བའི་གྲོགས་པོ་སྐུ་ཞབས་ཆརཌི་གྷིཡར་ལགས་ཀྱིས། ཕྱི་ཚེས་༡༤ཉིན་རྒྱ་གར་གྱི་NDTVབརྙན་འཕྲིན་ཁང་གི་བཅར་འདྲི་གནང་པའི་ལེ་ཚན་ཞིག་གི་ཐོག་༧གོང་ས་མཆོག་དང་། བོད། རྒྱ་ནག ཨ་རི། དེ་བཞིན་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་བལྟ་སྟངས་སོགས་ཀྱིས་ཐོག་གླེང་འདུག་ལ་ཁོང་གིས་རྒྱ་ནག་ནི་ར་ཤི་ཡ་ལས་ཀྱང་འཛམ་གླིང་འདིའི་ཐོག་ཉེན་ཁ་ཆེ་བ་ཡོད་རེད་ཅེས་འགྲེལ་བརྗོད་གནང་འདུག
ཁོང་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ཀྱི་ཡིག་ཚང་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སོགས་ལས་ཁུངས་གང་དུ་ཕེབས་ཀྱང་ཚང་མས་རྒྱ་ནག་ལ་གདོང་ལེན་བྱེད་དགོས་པའི་སྐོར་གསུངས་ཀྱི་ཡོད་པ་དང་། ཨ་རི་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་དེང་སྐབས་ཉེན་ཚབས་ཆེ་བའི་རྒྱལ་ཁབ་དེ་རྒྱ་ནག་ཡིན་པ་གསལ་པོ་ཡིན་པའི་སྐོར་གསུངས་འདུག
ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་པ་དེ་ནི་རྒྱ་ནག་གཞུང་རང་ཉིད་ཀྱི་བྱ་སྤྱོད་ལ་ཁྲིམས་དང་ལོ་རྒྱུས་ཀྱི་རྒྱབ་རྟེན་མེད་པ་ཤེས་པར་བརྟེན་ནས་ཡིན་པ་དང་།
༧གོང་ས་མཆོག་ལ་རྒྱུ་དཔལ་འབྱོར་དང་མཐོ་གོ་ས་དང་དམག་དོན་གྱི་སྟོབས་ཤུགས་སོགས་གང་ཡང་མེད་ཀྱང་། ད་དུང་རྒྱ་ནག་ཕྱོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་རེད། འོན་ཀྱང་༧གོང་ས་མཆོག་ནས་འཚེ་བ་མེད་པ་དང་ཞི་བའི་ལམ་ནས་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཁོ་ན་སྟོན་གནང་གི་ཡོད་པ་རེད་ཅེས་གསུངས་འདུག ཡང་ཁོང་གིས་རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཟེར་བ་དེ་བདེན་པ་མིན་ལུགས་འཛམ་གླིང་ལོ་རྒྱུས་མཁས་པ་དང་ཆེད་ལས་མི་སྣ་ཚོས་ཁུངས་བསྐྱེལ་གནང་ཡོད་རེད།
དེང་སྐབས་རྒྱལ་སྤྱིའི་ཁྲོད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་དྲང་བདེན་དང་འཚེ་མེད་ཞི་བདེའི་ལམ་སྟོན་མཛད་མཁན་སྐྱེས་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་པ་དང་འབྲེལ་རྒྱལ་སྤྱིའི་མང་ཚོགས་ཀྱི་དགའ་མོས་ཆེན་པོ་དང་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཏུ་གྱུར་ཡོད་པའི་སྐོར་གསུངས་འདུག
ཡང་མ་འོངས་པའི་༧རྒྱལ་བའི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་གནས་འདྲི་ཞུས་པར་Richard Gere ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་ནས་༧མགོན་པོ་གང་ཉིད་རྒྱ་ནག་གི་དབང་བསྒྱུར་བའི་ས་ཁུལ་ནང་སྐུ་འཁྲུངས་རྒྱུ་མིན་པའི་སྐོར་བཀའ་གསལ་པོ་བསྩལ་གནང་མཛད་ཡོད་ན་ཡང་། ད་དུང་ཆོས་མེད་སྨྲ་བའི་རྒྱ་གཞུང་གི་དཔོན་རིགས་ཚོས་༧གོང་ས་མཆོག་གང་དུ་སྐུ་འཁྲུངས་དང་མ་འཁྲུངས་ཀྱི་སྐུ་དབང་༧གོང་ས་མཆོག་ལ་མེད་པ་དང་། རྒྱ་གཞུང་ལ་ཡོད་ཚུལ་བཤད་བཞིན་པ་དེ་ནི་གད་ཤོར་གཞི་ཞིག་ཡིན་པ་ནན་པོ་གསུངས་འདུག ཡང་ཁོང་གིས་རྒྱ་ནག་ལ་གདེང་ཚོད་མེད་པའི་དཀའ་ངལ་གཞན་ཞིག་ནི་ཁོང་ཚོས་རྒྱ་ནག་རྒྱལ་ནང་གི་དོགས་སྲུང་བྱ་ར་ཐད་འགྲོ་གྲོན་བཏང་པ་དེ་རྒྱལ་ཁབ་གཞན་གྱི་དམག་དོན་གྱི་འགྲོ་གྲོན་ལས་ཀྱང་མང་བ་གཏོང་གི་ཡོད་རེད་ཅེས་གསུངས་ཡོད་པ་དང་།
ཡང་བརྙན་འཕྲིན་གྱི་བཅར་འདྲི་དེའི་ནང་ཁོང་གིས་མུ་མཐུད་དེ་ཁོང་གི་ལོ་ན་༢༢ ཡིན་པའི་བུ་དང་མཉམ་དུ་སྐུའི་འཁྲུངས་སྐར་གྱི་སྐབས་སུ་བཞུགས་སྒར་རྡ་རམ་ས་ལར་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། ཐོག་མར་ཁོང་ཉིད་ལོ་༤༠ གོང་དུ་འདིར་ནང་པའི་དགེ་རྒན་ཞིག་བཙལ་བར་ཡོང་བ་དང་། དེ་བཞིན་བོད་ཀྱི་རིགས་གཞུང་ལའང་དོ་སྣང་ཆེན་པོ་ཡོད། བོད་པའི་ནང་ཆོས་ཀྱི་རིག་གཞུང་དེ་ནི་མི་སྒེར་ཙམ་དུ་མ་ཟད་འཛམ་གླིང་གི་སྤྱི་ནོར་ཞིག་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་པ་དེ་དང་ངས་ནམ་ཡང་ཁ་མ་བྲལ་བར་བསྡད་ཡོད་ཅེས་དང་ད་དུང་བོད་དོན་ཐོག་རེ་བ་ཆེན་པོ་ཡོད། ༧གོང་ས་མཆོག་ལ་ད་བར་དུ་བོད་མི་ཚོས་བརྟེན་ནས་བསྡད་ཡོད་ད་སོ་སོ་ཡར་ལངས་ནས་མདུན་སྐྱོད་ཐུབ་པའི་དུས་ལ་བབས་ཡོད་ཅེས་གསུངས་འདུག
ད་ལྟ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པ་སྐུ་ཞབས་རི་ཆརཌི་གྷིཡར་ལགས་ཀྱིས་ཐོག་མར་བོད་དོན་ཐོག་ཆབ་སྲིད་ཀྱི་ལས་འགུལ་སྤེལ་འགོ་བཙུགས་པའི་ཀུན་སློང་དེ་ཕྱི་ལོ་༡༩༨༡ལོར་༧གོང་ས་མཆོག་མཇལ་ཁ་ཐོག་མ་ཞུས་པ་ནས་བཟུང་ཁོང་གི་སེམས་ནང་ཚོར་བ་ཤུགས་ཆེ་ཞིག་བྱུང་ཡོད་པའི་སྐོར་ང་ཚོའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག