བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སྐུ་གྲོངས་འདུག

བཙན་བྱོལ་བོད་གཞུང་གི་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སྙུང་གཞིའི་རྐྱེན་པས་སྐུ་གྲོངས་འདུག

བཙན་བྱོལ་བོད་གཞུང་གི་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག 2015/3/17 Lhuboom/RFA

བཙན་བྱོལ་བོད་གཞུང་གི་བཀའ་ཟུར་དང་། དམིགས་བསལ་སྐུ་ཚབ་ཟུར་བ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སྤྱི་ལོ་༢༠༡༨་ཟླ་༡༠་ཚེས་༢༩་ཉིན་གྱི་ཞོགས་པར་ཨ་རིའི་ཁ་ལེ་ཧྥོར་ནེ་ཡའི་མངའ་སྡེའི་སེན་ཧྥན་སེ་སུ་ཀོ་ནས་སྐུ་སྙུང་གཞིའི་རྐྱེན་པས་སྐུ་གཤེགས་འདུག
བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་༡༩༩༡ལོ་ནས་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་། ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་རྟེན་གཞི་བྱས་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གནང་བ་དང་། ༡༩༩༩ལོ་ནས་ལས་ཁུངས་དེའི་འཛིན་སྐྱོང་ཚོགས་གཙོ་གནང་ཡོད་པ་རེད།
བཀའ་ཟུར་དང་། དམིགས་བསལ་སྐུ་ཚབ་ཟུར་བ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནི་ཁམས་ཉག་རོང་དུ་༡༩༤༩་ལོར་འཁྲུངས་བ་དང་། བླ་མའི་ཡང་སྲིད་དུ་ངོས་འཛིན་གནང་བ་ཞིག་ཡིན་ཞིང། བཙན་བྱོལ་དུ་ཕེབས་པའི་རྗེས་གཞོན་དུས་ནས་སྐབས་དེའི་བོད་མིའི་རང་དབང་གསར་ཤོག་གི་རྩོམ་སྒྲིག་པའི་ཐུགས་འགན་བཞེས་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དབྱིན་ཡིག་ཐོག་གསར་ཤོག་ཐེངས་དང་པོ་བོད་ཀྱི་འབོད་སྒྲ་ཞེས་པ་དེ་འདོན་སྤེལ་གནང་ཡོད། ༡༩༧༠ ནང་ཁོང་དང་ཕྱག་རོགས་གསུམ་མཉམ་རུབ་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་། དེའི་རྗེས་བཙན་བྱོལ་བོད་པའི་སྒྲིག་འཛུགས་ནང་འགོ་ཁྲིད་རིམ་པའི་གོ་གནས་བསྐོ་བཞག་བྱུང་སྟེ། ཐོག་མར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དེའི་རྗེས་བཀའ་བློན་གནང་། དམིགས་བསལ་བོད་དང་བོད་མི་རིགས་ཀྱི་ཆེད་དུ་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགན་རྐང་བཞེས་གནང་། དེ་བཞིན་ཕྱི་ལོ་༡༩༩༡ནས་༢༠༡༡ བར་གྲོས་ཚོགས་ནས་ཨ་སྒོར་ས་ཡ་མང་པོ་བོད་དང་བཙན་བྱོལ་ནང་གི་བོད་མིའི་ཆེད་དུ་རོགས་དངུལ་རྒྱས་བཅད་ཡོང་ཐབས་གནང་ཡོད།
ཡང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་༡༩༨༢ དང་༡༩༨༤ ལོར་བོད་རྒྱའི་འབྲེལ་མོལ་གནང་བར་བོད་ཀྱི་སྐུ་ཚབ་འཐུས་མིའི་ཁོངས་སུ་རྒྱ་ནག་ཏུ་ཕེབས་ཡོད་པ་མ་ཟད། ༢༠༠༢ ནས་༢༠༠༨ བར་རྒྱ་ནག་གཞུང་དང་ཐད་ཀར་བཀའ་མོལ་གནང་མཁན་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་འགོ་ཁྲིད་ཀྱི་ཐུགས་འགན་ཡང་བཞེས་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org