བློ་བཟང་དཔལ་ལྡན་མི་ལོ་༧གྱི་རྗེས་བཙོན་གྲོལ་བྱུང་འདུག
དཀར་མཛེས་རྫོང་ནས་ཡིན་པའི་གྲྭ་བློ་བཟང་དཔལ་ལྡན་ལཊ་བཙོན་འཇུག་གི་དུས་ཡུན་མ་རྫོགས་གོང་ཀློད་གྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་འདུག
-
2014-11-21 -
-
-
དཀར་མཛེས་རྫོང་ནས་ཡིན་པའི་གྲྭ་བློ་བཟང་དཔལ་ལྡན་ལཊ་བཙོན་འཇུག་གི་དུས་ཡུན་མ་རྫོགས་གོང་ཀློད་གྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་དེང་སྐབས་རྡ་སར་ཡོད་པའི་ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དཀར་མཛེས་རྫོང་གསེར་མཁར་ཤང་བེ་རུ་ཡུལ་ཚོ་བེ་རུ་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་༢༠༠༨ཟླ་བ་༦ཚེས་༡༨ཉིན་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་གི་བཙན་གནོན་དམ་དྲག་ལ་ངོ་རྒོལ་གནང་སྐབས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་སྐྱོན་པར་བརྟེན། དཀར་མཛེས་རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཟླ་བ་༦ཙམ་གྱི་རིང་བཀག་ཉར་ཀྱིས་གཅར་རྡུང་མནར་གཅོད་བཏང་ཡོད་པ་རེད། ཕྱིས་སུ་དཀར་མཛེས་མི་མང་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག། ཁོང་ལ་ལོ་༩འི་རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ར་རྔ་ཁའི་བཙོན་ཁང་དུ་བཅུག་ཡོད་ཀྱང། ཁོང་གིས་བཙོན་ཁང་དུ་ངལ་རྩོལ་ཧུར་ཐག་གནང་བར་བརྟེན། ལོ་གཉིས་ཆག་ཡང་བཏང་ནས་ཟླ་བ་འདིའི་ཚེས༡༧ཉིན་བཙོན་གྲོལ་ཐོབ་ཡོད་པ་དང། སྐབས་དེར་དགོན་པ་དང་ནང་མི་གཉེན་འབྲེལ་སོགས་ཕ་ཡུལ་གྱི་སེར་སྐྱ་མི་མང་གིས་བསུ་བ་ཞུས་འདུག
བཙོན་ཁང་ནང་ཟླ་བ་དྲུག་ཙམ་རིང་མཉམ་དུ་ཡོད་པའི་གོང་ཞུས་ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས་ཀྱིས་གསུང་ན། བཙོན་འཇུག་བྱས་པའི་གོང་གི་ཟླ་བ་གཉིས་རིང་བཙོན་ཁང་ནང་ལྟོ་ཆས་མ་སྤྲད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་པའི་རྐྱེན་གྱིས་དགེ་འདུན་པ་བློ་བཟང་དཔལ་ལྡན་ལགས་སུ་ཕོ་བའི་ནད་གཞི་ཡོད་པ་དང་བཙོན་གྲོལ་ཐོབ་པའི་རྗེས་སུ་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་མེད་པ་ངོ་སྤྲོད་བྱས་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།