ལོ་ཙཱ་བ་གྲགས་ཅན་ཤཱསྟྲི་བློ་བཟང་ནོར་བུ་མཆོག་ཝ་ར་ཎ་སི་ནས་སྐུ་གྲོངས་འདུག
ལེགས་སྦྱར་སྐད་ཀྱི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤཱསྟྲི་བློ་བཟང་ནོར་བུ་མཆོག་དགུང་གྲངས་༦༥་ཐོག་ཝ་རི་ཎ་སིར་སྐུ་གྲོངས་འདུག
-
2018-09-21 -
-
-
ལེགས་སྦྱར་སྐད་ཀྱི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤཱསྟྲི་བློ་བཟང་ནོར་བུ་མཆོག་དགུང་གྲངས་༦༥་ཐོག་ཝ་ར་ཎ་སིར་སྐུ་གྲོངས་འདུག
དེ་ཡང་ལོ་ཙཱ་བ་གྲགས་ཅན་ཤཱསྟྲི་བློ་བཟང་ནོར་བུ་མཆོག་ཕྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་༢༡ གི་ཞོགས་པར་དགུང་གྲངས་༦༥་ཐོག་ཝ་ར་ཎ་སིའི་མཐོ་སློབ་དང་ཐག་ཉེ་བའི་རྒྱ་གར་གྱི་སྨན་ཁང་ཤུ་བྷམ་ཞེས་པའི་ནང་གློ་ནད་ཀྱི་བསྙུངས་གཞི་ཇེ་སྡུག་ཏུ་སོང་ནས་སྐུ་གྲོངས་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཝ་ར་ན་སིར་ཡོད་པའི་སྐུ་ཞབས་ལྷ་སྒང་ཆོས་གྲགས་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས། མཁས་དབང་ཤཱསྟྲི་བློ་བཟང་ནོར་བུ་མཆོག་ཚེས་༢༡་ཉིན་གྱི་ཞོགས་པ་ཆུ་ཚོད་༧།༢༩ ཐོག་དགོངས་པ་རྫོངས་སོང་། ཁོང་སྔ་མོ་གློ་གཅོང་གི་ན་ཚ་བསྙུང་མྱོང་ཡོད། དེས་རྐྱེན་པས་བར་སྐབས་དབུགས་བསགས་ཀྱི་ནད་གཞི་དང་གློ་ཚད་བཅས་ཀྱིས་སྐུ་གཟུགས་བསྟུན་མར་བསྙུངས་གཞི་བཞེས་འདུག་པ་དང་། ཉེ་བའི་ཟླ་ཤས་གོང་ཚ་བ་འཕར་བ་སོགས་ནད་རྐྱེན་རིམ་བཞིན་ཇེ་སྡུག་ཇེ་ཞེན་དུ་གྱུར་ནས། སྨན་ཁང་ནང་ཛ་དྲག་གི་སྨན་བཅོས་གནང་ཡང་གློ་བའི་བྱེད་ནུས་ཉམས་པས། མཐར་སྐུ་ཚེའི་འཕེན་པ་རྫོགས་འདུག་ཅེས་དང་། ད་ལྟ་སྐུ་ཕུང་རང་ཤག་ཏུ་གདན་ཞུས་ཀྱིས་རེས་གཟའ་ཟླ་བར་ཞུགས་འབུལ་གནང་འཆར་འདུག་ཅེས་ངོ་སྤྲོད་གནང་བྱུང་།
འདས་པོ་ཁོང་ནི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྒྲ་བསྒྱུར་སྡེ་ཚན་སྤྱི་དང་ལྷག་པར་དུ་བོད་ཡིག་ནས་ལེགས་སྦྱར་གྱི་སྐད་ཐོག་གཙོ་བོ་རྒྱ་གཞུང་དང་བོད་མཁས་པས་མཛད་པའི་གཞུང་ལེགས་སྦྱར་སྐད་ཐོབ་བསྒྱུར་རྒྱུའི་ཐུགས་འགན་ཆེན་པོ་བཞེས་མཁན་ཞིག་ཡིན་འདུག ཁོང་གིས་༢༠༡༦་ལོར་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་གྲྭའི་ངེས་སྟོན་པ་ལོ་གཅིག་ལྷག་རིང་གནང་པ་དང་། གཞན་ལོ་མང་རིང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་སྒྲ་བསྒྱུར་སྡེ་ཚན་གྱི་འགན་འཛིན་གནང་བའི་རིང་ལེགས་སྦྱར་གྱི་སྒྲ་གཞུང་<<དགའ་བྱེད་ཟླ་ཟེར།>>ནས་མཚམས་སྦྱོར་ལྔ་པའི་ལེའུ་བར་སྒྲ་བསྒྱུར་དང་། སློབ་དཔོན་བགྲོད་དཀའ་སེང་གེས་མཛད་པའི་སྒྲ་<<ཀ་ལཱ་པའི་ཨུཎའི་རྩ་འགྲེལ།>>ལས་ལེའུ་ལྔ་པ་དང་དྲུག་པ་གཉིས་བོད་བསྒྱུར་གནང་། དེ་མཚུངས་སློབ་དཔོན་བྷཏྲྀ་ཧ་རིས་མཛད་པའི་<<ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པ་བརྒྱ་པ>>ལེགས་སྦྱར་ལས་བོད་སྐད་དུ་ཕབ། དེ་མིན་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་<<རྡོ་རྗེའི་ཁབ།>>དང་། དེ་འབྲེལ་ཕྱི་རོལ་གསང་བ་པའི་<<རྡོ་རྗེའི་ཁབ།>>ཅེས་པའི་གཞུང་ཆེན་གཉིས་སྒྲ་བསྒྱུར་གནང་། འཕགས་པ་གནས་བརྟན་སྡེ་པའི་གནས་མཆོག་གི་མདོ་པཱ་ལིའི་སྐད་ནས་བོད་སྐད་དུ་བསྒྱུར། སླར་དྲང་སྲོང་ཙ་ར་ཀས་མཛད་པའི་སྨན་གཞུང་<<ཙ་ར་ཀའི་མདོ།>>ལེགས་སྦྱར་ནས་བོད་སྐད་དུ་ཐོག་མར་བསྒྱུར་འདུག ཕྱི་ལོ་༡༩༩༦ལོར་༸གོང་ས་མཆོག་ནས་དཔལ་དུས་ཀྱི་འཁོར་བའི་དབང་ཆེན་ཐེངས་༡༩པ་བསྩལ་སྐབས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆོག་ཧིན་དི་སྐད་ཡིག་ནང་ཐེངས་དང་པོ་གསུང་བསྒྱུར་གནང་ཡོད་པ་རེད།
ད་དུང་(Chandoratnakara)ཞེས་བོད་སྐད་དུ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་པ་ལེགས་སྦྱར་ནས་བོད་སྐད་དུ་ཕབ་བསྒྱུར་ཞུས་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་གསུང་ལེགས་སྦྱར་ནས་བོད་སྐད་དུ་ཕབ་བསྒྱུར་གནང་ཡོད།
དེ་བཞིན་ཕྱི་ལོ་༡༩༨༥ཙམ་ནས་དབུ་འཛུགས་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་གནས་ཁག་ཏུ་ཆིབས་བསྒྱུར་སྐབས་སྐུའི་གསུང་བསྒྱུར་གྱི་ཞབས་ཞུ་ཐེངས་༩ཙམ་གནང་མྱོང་ཡོད་པ་དང་། རྒྱལ་སྤྱིའི་དང་རྒྱ་གར་ནང་གི་ཚོགས་འདུ་སྣ་ཚོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་ནང་པའི་ལྟ་གྲུབ་རིག་པ་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་ཐོག་གསུང་རྩོམ་དབྱིན་ཧིན་བོད་སྐད་བཅས་ཀྱི་ཐོག་ལ་འབུལ་བ་དང་གསུང་བཤད་གནང་མྱོང་ཡོད་པ་རེད།
བྱང་ཆུབ་ལམ་སྒྲོན་དང་སྡེབ་སྦྱོར་རིན་ཆེན་འབྱུང་ནས་གཉིས་ཕབ་བསྒྱུར་ལ་ཕྱི་ལོ་༡༩༨༤དང་༡༩༩༠ལོར་རྒྱ་གར་གྱི་(Uttar Pradesh)་མངའ་སྡེའི་རྒྱལ་ས་ལཀ་ནའོ་ཁུལ་དུ་རྟེན་གཞི་བྱེད་པའི་ཨུཏ་ཏར་པྲ་དེཤ་ལེགས་སྦྱར་ཚན་པས་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་སོགས་མདོར་ན་ཁོང་གིས་ད་བར་ཕྱིའི་རིག་གནས་ཅི་རིགས་པ་སྣ་ཚོགས་ཤིག་བོད་ཀྱི་རིག་གནས་བང་མཛོད་དུ་ལེགས་སྐྱེས་སྩལ་ཡོད་པ་དང་། ད་བར་ཁོང་གིས་གསུང་བསྒྱུར་དང་གསུང་རྩོམ་གནང་བའི་ཕྱག་དེབ་༡༥ཙམ་ཡོད་པས་མ་ཚད། ཕྱག་དེབ་ཁག་༩ཙམ་འཕྲོ་སྐྱོང་བྱ་རྒྱུར་ལུས་ཡོད་འདུག་ལ་ཁོང་ནི་ལེགས་སྦྱར་སྐད་ཀྱི་ཕུལ་བྱུང་གི་མཁས་པ་ཞིག་ཏུ་ཡོངས་གྲགས་ངོས་འཛིན་ཞུ་བཞིན་ཡོད་པ་རེད།
ཁོང་ནི་རིག་གནས་བྱ་བཞག་ཙམ་མིན་པར་སྤྱི་ཚོགས་ཕན་དེའི་བྱ་བ་བསྒྲུབ་གནང་མཁན་ཞིག་ཀྱང་ཡིན་པ་དང་། དེ་སྔ་ཝ་ཎ་དངས་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཞེས་བ་བཙུགས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ་དང་པ་སངས་དོན་ལྡན།