མི་ལོ་དྲུག་གི་རྗེས་བློ་བཟང་དོན་ཡོད་ལགས་གློད་འདུག

སྡེ་དགེ་རྫོང་རྫ་ཁོག་རྫ་སྟོད་དགོན་གསར་དགོན་པའི་དགེ་འདུན་པ་བློ་བཟང་དོན་ཡོད་ལགས་རྒྱ་ནག་གིས་བཙོན་བཀྲོལ་བཏང་འདུག

སྡེ་དགེ་ཕྱོགས་ཀྱི་ས་ཁྲ། པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

སྡེ་དགེ་རྫོང་རྫ་ཁོག་རྫ་སྟོད་དགོན་གསར་དགོན་པའི་དགེ་འདུན་པ་བློ་བཟང་དོན་ཡོད་ལགས་རྒྱ་ནག་གིས་བཙོན་བཀྲོལ་བཏང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་སྡེ་དགེ་རྫོང་རྫ་ཁོག་རྫ་སྟོད་དགོན་གསར་དགོན་པའི་དགེ་འདུན་པ་བློ་བཟང་དོན་ཡོད་ལགས་དུས་བཀག་བཙོན་འཇུག་ལོ་དྲུག་གི་ལོ་དུས་གཙང་ནས་ད་རེས་ཕྱི་ཟླ་བཞི་བའི་ཚེས་༢༧ཉིན་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་པ་དང་། སྐུ་ཞབས་བློ་བཟང་དོན་ཡོད་ལགས་གློད་བཀྲོལ་བྱུང་ནས་ས་གནས་སུ་ཕེབས་པའི་སྐབས་དགོན་གསར་དགོན་པའི་དགེ་འདུན་པ་གཙོས་པའི་ས་གནས་དེའི་ནང་ཡོད་པའི་དགེ་བཙུན་དང་། ཆབ་སྲིད་བཙོན་ཟུར་སོགས་ཀྱིས་དགའ་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།
སྐུ་ཞབས་བློ་བཟང་དོན་ཡོད་ལགས་ཀྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ས་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་པོའི་དབང་འཛིན་ལ་ཞི་རྒོལ་བྱེད་པའི་སྐབས་དགོན་གསར་དགོན་པའི་དགེ་འདུན་ཚོ་དང་མཉམ་དུ་ངོ་རྒོལ་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ནས་མཐར་དཀར་མཛེས་འབྲིང་རིམ་ཁྲིམས་ཁང་གིས་སྐུ་ཞབས་བློ་བཟང་དོན་ཡོད་ལགས་ལ་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་པ་དང་། བོད་ཀྱི་རྒྱལ་དར་བསྒྲེངས་པ་སོགས་ཀྱི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་དྲུག་གི་ཁྲིམས་ཐག་བཅད་པ་ཡིན་འདུག

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org