བོད་དོན་སྐད་འབོད་གནང་མཁན་བློ་བཟང་ཐུབ་བསྟན་རེད།
ལི་ཐང་དུ་བོད་དོན་སྐད་འབོད་གནང་མཁན་ན་གཞོན་བློ་བཟང་ཐུབ་བསྟན་ལགས་འཇུ་བཟུང་རྗེས་མུ་མཐུད་དོ་དམ་འོག་ཡོད་པ་རེད།
-
2015-08-26 -
-
-
ལི་ཐང་དུ་བོད་དོན་སྐད་འབོད་གནང་མཁན་ན་གཞོན་བློ་བཟང་ཐུབ་བསྟན་ལགས་འཇུ་བཟུང་རྗེས་མུ་མཐུད་དོ་དམ་འོག་ཡོད་པ་རེད།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཟླ་བ་འདིའི་ཚེས་བཅོ་བརྒྱད་ཉིན་ལི་ཐང་ཁུལ་དུ་ན་གཞོན་ཞིག་གིས་རྒྱ་ནག་གཞུང་གི་ཉེན་རྟོག་ལས་ཁུངས་མདུན་༧གོང་ས་མཆོག་གི་སྐུ་པར་ཡོད་པའི་ཞལ་ཐང་ཆེན་པོ་ཞིག་གནམ་ལ་འཕྱར་ཞིང་། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་རྒྱབ་བཞིན་ངོ་རྒོལ་བྱས་པའི་རྗེས་སུ་ཉེན་རྟོག་མི་སྣ་དང་དམག་མིས་ཁོ་པ་འཛིན་བཟུང་བྱས་ཡོད་པ་ལས་དེའི་སྐོར་སྐབས་ཐོག་གནས་ཚུལ་གསལ་བོ་བྱུང་མེད་པ་རེད།
ད་ལྟ་གནས་ཚུལ་ལྟར་ན། གོང་ཞུས་གཞོན་སྐྱེས་དེ་ནི་ལོ་ན་༡༧ཙམ་ཡིན་པའི་བློ་བཟང་ཐུབ་བསྟན་དང་། མིང་གཞན་ལ་ཐུབ་བྷེ་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་ནི་ལི་ཐང་གཡོན་རུའི་འབྲོག་སྡེ་ནས་ཡིན་པར། ཕའི་མིང་མ་བྱིས་འཕག་མིས་མིས་དང་། མའི་མིང་ལ་བསྟན་ལོ་ཟེར་ཞིང་། དུས་རྒྱུན་བོད་ཀྱི་སྐད་དང་རིག་གཞུང་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་དང་། རང་གི་སྤྱི་ཚོགས་ལ་བསམ་བློ་གཏོང་མཁན་གྱི་ན་གཞོན་ཞིག་ཡིན་པ་དང་། དེའི་གོང་ལི་ཐང་དགོན་པའི་ནང་སློབ་གཉེར་བྱེད་མྱོང་མཁན་ཞིག་ཀྱང་ཡིན་ལ་ཚེས་༡༨་ཉིན་འཛིན་བཟུང་དོ་དམ་བྱས་པ་ནས་བཟུང་ད་ལྟ་ལི་ཐང་རྫོང་གི་ནང་བཀག་ཉར་བྱས་ཡོད་འདུག
སྤྱིར་བཏང་ལི་ཐང་རྫོང་དུ་ཉེ་ཆར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དགོངས་པ་རྫོགས་པའི་གནས་ཚུལ་དང་། རོང་རྒྱས་ཨ་གྲགས་ལགས་བཙོན་ནས་གློད་བཀྲོལ་ཐོབ་ཙམ་ལས་ཕྱིན་མེད་པ་དང༌། རྒྱ་མིའི་དམག་མིའི་བརྒྱད་གཅིག་དུས་དྲན་སོགས་དུས་མཉམ་དུ་འཁེལ་བ་བཅས་ལ་བརྟེན་དུས་རྒྱུན་ལས་ཀྱང་ལྷག་པ་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཡང་ངོ་སྤྲོད་གནང་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།