༧གོང་ས་མཆོག་གི་སྐུ་པར་བཤམས་པར་བརྟེན་སྐྱོབ་གསོ་མཚམས་བཅད་འདུག

ཁམས་ལི་ཐང་དུ་ས་གནས་གཞུང་གིས་སྐྱོབ་གསོ་ལེན་མཁན་བོད་མིའི་ཁྱིམ་ཚང་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱས་པ་མཐོང་ནས་སྐྱོབ་གསོ་མཚམས་བཅད་ཡོད་འདུག

ལི་ཐང་ཕྱོགས་ཀྱི་ས་ཁྲ། RFA

ཁམས་ལི་ཐང་དུ་ས་གནས་གཞུང་གིས་སྐྱོབ་གསོ་ལེན་མཁན་བོད་མིའི་ཁྱིམ་ཚང་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་བྱས་པ་མཐོང་ནས་སྐྱོབ་གསོ་མཚམས་བཅད་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པ་ཟླ་བ་སྒྲོལ་མ་ལགས་ཀྱིས་གནས་ཚུལ་བཏང་དོན། དེང་སྐབས་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་གིས་དམ་དྲག་སྔར་ལས་ཤུགས་ཆེ་རུ་གཏོང་བཞིན་པ་ལྟར། ཁམས་ལི་ཐང་དུ་བགྲེས་སོང་ཁ་ཤས་ལ་རྒྱ་ནག་གཞུང་གིས་སྐྱོབ་གསོ་སྤྲོད་བཞིན་ཡོད་ནའང་། ཁྱིམ་ཚང་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་བཤམས་གནང་བ་མཐོང་རྗེས་སྐྱོབ་གསོ་དེ་དག་མཚམས་གཅོད་རྒྱུའི་ཉེན་བརྡ་བཏང་ཡོད་པ་སོགས་ཉེ་ཆར་ལི་ཐང་ནས་འབྱོར་བའི་བོད་མི་ཞིག་གིས་གསུང་ཡོད་པ་རེད།
ད་དུང་བོད་མི་དེས་གསུང་གསལ། ཁམས་དཀར་མཛེས་ཁུལ་ལི་ཐང་རྫོང་ཞོང་པ་ཞང་མཚོར་སར་གྲོང་ཚོ་ནས་ཡིན་པའི་བོད་མི་ཚེ་རིང་དང་ལྷ་མོ་བཟའ་མི་གཉིས་ལོ་ཤས་སྔོན་མཚོ་སར་གྲོང་ཚོ་ནས་བོད་མི་བགྲེས་སོང་མང་པོ་ཞིག་དང་མཉམ་ལི་ཐང་རྫོང་ཐོག་གནས་སྤོས་བྱས་ཏེ་ཉིན་གླ་དང་མི་གླར་རྒྱུགས་ནས་འཚོ་བ་སྐྱེལ་མཁན་གྲས་ཡིན་ཞིང་། བོད་མི་འདི་དག་ལ་ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་དཀྱིལ་ལ་ཞོང་པ་ཡུལ་ཚོའི་གྲོང་ཚོ་ཁག་གི་འབྲེལ་ཡོད་ལས་བྱེད་མི་སྣ་རྫོང་ཐོག་ཏུ་ཡོང་ནས་སྐྱོབ་གསོ་ཕྲན་བུ་སྤྲད་ཡོད་རུང་། ཚེ་རིང་དང་ལྷ་མོ་གཉིས་ཀྱི་ཁང་པའི་ནང་འབྲེལ་ཡོད་ལས་བྱེད་གློ་བུར་འཛུལ་ཡོང་ནས་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པ་མཐོང་བར་བརྟེན་སང་ཉིན་ལས་ཁུངས་སུ་སྐྱོབ་གསོ་ལེན་པར་ཡོང་དགོས་ཚུལ་བཤད་ཡོད་པ་དང་། ཕྱི་ཉིན་དེར་འགྲོ་དུས་སྐྱོབ་གསོ་བཅད་ཡོད་པ་མ་ཟད། ད་དུང་བརྟག་དཔྱད་བརྒྱུད་ཁྱིམ་ཐོའང་མེད་པར་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
དེ་བཞིན་ལི་ཐང་དང་ལི་ཐང་ཉེ་ཁུལ་དུ་ས་གནས་གཞུང་གི་འབྲེལ་ཡོད་བདེ་འཇགས་མི་སྣ་གློ་བུར་ཁྱིམ་ཚང་ནང་འཛུལ་ནས་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་མེད་ཞིབ་བཤེར་བྱས་པ་དང་། དེ་དག་ནི་དཀར་མཛེས་ཁུལ་ནང་ཁུལ་གྱི་འབྲེལ་ཡོད་གཞུང་གི་མི་སྣ་ཡིན་ཞིང་། གང་ལྟར་ས་གནས་དེའི་བོད་མི་ཚོའི་རྒྱུན་ལྡན་འཚོ་བར་དོ་ཕོག་བཟོ་གི་ཡོད་འདུག་ཅེས་གོང་བརྗོད་བོད་མི་དེས་བརྗོད་འདུག
དེ་མིན་ལི་ཐང་དགོན་དུ་སྔོན་ཆད་༧གོང་ས་མཆོག་གི་འཁྲུངས་སྐར་ལོ་ལྟར་ཆོས་ཕྱོགས་ཀྱི་ངོ་བོའི་ཐོག་སྲུང་བརྩི་གནང་གི་ཡོད་ཀྱང་། ད་ལོར་དགོན་པའི་གཞུང་གི་དོ་དམ་ཚན་པ་ནས་སྤྱི་ཟླ་དྲུག་པའི་ཟླ་དཀྱིལ་ནས་བཟུང་ལི་ཐང་དགོན་པའི་དགེ་འདུན་པ་ཡོངས་ལ་ཟླ་བ་གསུམ་ལྷག་གི་གུང་གསེང་བཏང་ནས་མཚན་ཉིད་འཚོགས་ཐུབ་མེད་པར་བརྟེན་༧གོང་ས་མཆོག་གི་འཁྲུངས་སྐར་ཡང་སྲུང་བརྩི་ཞུ་ཐུབ་མེད་པ་འགྲེལ་བརྗོད་གནང་ཡོད་འདུག

གསར་འགོད་པ་ཟླ་བ་སྒྲོལ་མ་དང་། ལྕགས་མོ་འཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org