༧གོང་ས་མཆོག་ཨ་མི་རི་ཀར་གཟེངས་རྟགས་བཞེས་བར་ཕེབས་རྒྱུ།
༧གོང་ས་མཆོག་ཨ་མི་རི་ཀའི་ཤར་ཕྱོགས་ཧྥེ་ལ་ཌེལ་ཧྥེ་ཡའི་ནང་རང་དབང་གི་མཚན་མཐོང་གཟེངས་རྟགས་བཞེས་བར་ཕེབས་གནང་རྒྱུ་ཡིན་པ།
-
2015-08-11 -
-
-
༧གོང་ས་མཆོག་ཨ་མི་རི་ཀའི་ཤར་ཕྱོགས་ཧྥེ་ལ་ཌེལ་ཧྥེ་ཡའི་ནང་རང་དབང་གི་མཚན་མཐོང་གཟེངས་རྟགས་བཞེས་བར་ཕེབས་གནང་རྒྱུ་ཡིན་པ།
དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་པའི་ནང་ཨ་མི་རི་ཀའི་ནུབ་ཕྱོགས་ཀོ་ལོ་ར་ཌོའི་ཁུལ་གྱི་མཛད་འཆར་གྲུབ་རྗེས། ཨ་མི་རི་ཀའི་ཤར་ཕྱོགས་ཧྥེ་ལ་ཌེལ་ཧྥེ་ཡའི་ནང་ཕྱི་ཟླ་བཅུ་པའི་ཚེས་༢༦དང་༢༧ ཉིན་གྲངས་གཉིས་ཀྱི་རིང་ཆིབས་བསྒྱུར་མཛད་འཆར་སྐྱོང་གནང་མཛད་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཧྥེ་ལ་ཌེལ་ཧྥེ་ཡའི་ནང་གི་མཛད་འཆར་གཙོ་བོ་ནི་གྲོང་ཁྱེར་དེའི་ནང་ཆགས་པའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༡༥ལོའི་Liberty Medalལམ་རང་དབང་གི་མཚན་མཐོང་གཟེངས་རྟགས་དེ་འབུལ་ལམ་ཞུ་རྒྱུ་ཡིན་ཞིང་། གཟེངས་རྟགས་འདི་ནི་གོ་ལ་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོག་རླབས་ཆེན་གྱི་བྱས་རྗེས་འཇོག་གནང་མཁན་གྱི་གང་ཟག་ཁྱད་པར་ཅན་ཚོར་གནང་སྲོལ་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་གྲོང་ཁྱེར་ཧྤེ་ལ་ཌེལ་ཧྥེ་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡང་སྤྱན་རས་གཟིགས་ཆོས་ཚོགས་ཐོུང་ནས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཚེས་༢༦ཉིན་La Salleམཐོ་རིམ་སློབ་གྲྭའི་ཚོགས་ཁང་ཆེན་མོའི་མང་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་མང་ཚོགས་ལ་ཆོས་འབྲེལ་དང་། ཕྱི་ཚེས་༢༧ཉིན་མང་ཚོགས་ལ་རྙོག་ཟིང་ཆེ་བའི་དུས་སྐབས་འདིར་བདེ་བ་འཚོལ་ཐབས། དུས་རབས་ཉེར་གཅིག་པའི་ནང་སེམས་ཀྱི་སློབ་གསོ་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུའི་མཛད་འཆར་ཡོད་འདུག
སྤྱན་རས་གཟིགས་ཆོས་ཚོགས་ཀྱི་འགན་འཛིན་རྣམ་ཟུར་སྐུ་ཞབས་བློ་བཟང་བསམ་གཏན་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལམ་ལྷོང་ལྡན་པ་ཞིག་དང་། གྲོང་ཁྱེར་འདིའི་ནང་གི་མི་ཚོར་ཕན་ཐོགས་ཅི་ཆེ་འབྱུང་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ། དེའི་ཐོག་ང་ཚོས་གྲོང་ཁྱེར་གཞུང་དང་དེ་མིན་གྱི་ཚོགས་སྡེ་མང་པོའི་མཉམ་དུ་གྲོང་ཁྱེར་འདིའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་སྐབས་བརྩེ་སེམས་དང་། ཕན་སེམས་ཀྱི་ཁྱབ་པའི་ཁོར་ཡུག་བསྐྲུན་ཐབས་སུ་མཉམ་འབྲེལ་གྱི་ལས་དོན་སྤེལ་བཞིན་པ་ཡིན་ཅེས་གསུངས་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།