སྲིད་བློན་ཟུར་བ་ལི་ཁེ་ཆང་ལ་མྱ་ངན་ཆེད་འདུ་འཛོམས་རིགས་བྱེད་མི་ཆོག་པའི་བཀོད་ཁྱབ།
རྒྱ་ནག་གི་སློབ་ཆེན་ཁག་ནང་ཉེ་ཆར་འདས་གྲོངས་ཕྱིན་པའི་སྲིད་བློན་ཟུར་བ་ལི་ཁེ་ཆང་ལ་མྱ་ངན་གྱི་བྱེད་སྒོ་དང་དྲ་ལམ་དུ་བརྗོད་ཚིག་སྤེལ་བ་སོཊ་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་བཀག་སྡོམ་བྱེད་བཞིན་པ།
- 2023-10-30
-
-
-
Your browser doesn’t support HTML5 audio
རྒྱ་ནག་གི་སློབ་ཆེན་ཁག་དང་དྲྭ་ལམ་བཅས་སུ་ཉེ་ཆར་འདས་གྲོངས་ཕྱིན་པའི་སྲིད་བློན་ཟུར་བ་ལི་ཁེ་ཆང་ལ་མྱ་ངན་གྱི་བྱེད་སྒོ་ཚོགས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པའི་སྐོར་གསར་འགྱུར་རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་པ་དང་། རྒྱ་ནག་ལྷོ་ཕྱོགས་ཕོ་ཉའམ་South China Morning Post ཞེས་པའི་ཧོང་ཀོང་གི་གསར་ལས་ཁང་གི་གནས་ཚུལ་ནང་། གཟའ་པ་སངས་ཉིན་སྙིང་ནད་ཀྱི་རྐྱེན་གྱིས་གློ་བུར་དུ་འདས་གྲོངས་ཕྱིན་པའི་རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཁེ་ཆང་གི་ཆེད་དུ་རྒྱ་ནག་གི་སློབ་གཉེར་ཁང་གི་སློབ་མ་ཚོས་མྱ་ངན་གྱི་འདུ་འཛོམས་གོ་སྒྲིག་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་སྐོར་བཀོད་ཡོད་པ་དང་། པེ་ཅིང་གི་སློབ་ཆེན་ཞིག་གི་སློབ་སྟོན་པ་མིང་བཤད་འདོད་མེད་མཁན་ཞིག་གིས་གོང་ཞུས་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་པར། རྒྱལ་ཁབ་ཀྱིས་དངོས་སུ་མྱ་ངན་ཞུ་ཕྱོགས་ཀྱི་ཐད་བཀོད་ཁྱབ་མ་བཏང་བར་སློབ་མ་ཚོས་ཚོར་པ་རྣོན་པོའི་ཟང་ཟིང་མི་ཡོང་བ་དང་། གཏན་ལྷིང་གི་གནད་དོན་ཐོག་ནས། ད་ལྟའི་ཆར་འདུ་འཛོམས་རིགས་མ་བྱེད་རོགས་ཞེས་བཀོད་ཁྱབ་བཏང་བྱུང་ཞེས་འགྲེལ་བརྗོད་བྱས་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གིས་ཨ་རིའི་ནང་བཞུགས་པའི་རྒྱ་བོད་སྐབས་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ལ། རྒྱ་ནག་གཞུང་ཕྱོགས་ནས་ལི་ཁེ་ཆང་ལ་མྱ་ངན་ཞུ་རྒྱུར་ཚོད་འཛིན་དང་བཀག་སྡོམ་དེ་ལྟ་བུ་བྱེད་དགོས་དོན་ཐད་བཅར་འདྲི་ཞུས་པར། ཁོང་གིས། ལི་ཁེ་ཆང་ནི་རྒྱ་ནག་གི་སྲིད་བློན་གཞན་དག་དང་བསྡུར་ན། དམིགས་བསལ་འཇོན་ཐང་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཀྱང་། ཁོའི་བསམ་བློ་གཏོང་ཕྱོགས་དང་ལས་དོན་སྒྲུབ་ཕྱོགས་ཐོག་རྒྱ་ནག་ནང་མི་མང་པོ་ཞིག་གིས་དགའ་མོས་བྱ་ཡུལ་ཆགས་ཡོད་སྟབས། རྒྱ་ནག་གཞུང་ཕྱོགས་ནས་སྔོན་མ་༡༩༨༩ལོར་ཧུའུ་ཡོ་པང་འདས་གྲོངས་ཕྱིན་པའི་སྐབས་སུ་སློབ་མ་ཚོས་མྱ་ངན་གྱི་བྱེད་སྒོ་རིམ་པ་སྤེལ་མཐར། འཛམ་གླིང་སྟེང་མིང་དུ་གྲགས་པའི་སློབ་མའི་དམངས་གཙོའི་ལས་འགུལ་དེ་བྱུང་བའི་དབང་གིས། ད་ལྟ་རྒྱ་ནག་གཞུང་ཞེ་སྣང་སྐྱེ་དགོས་པ་ཞིག་ཆགས་ཡོད་པ་གསལ་བོར་མཚོན་ཡོད་ཅེས་གསུངས་སོང་།
གཞན་ཡང་། ཉེ་བའི་ཉིན་ཤས་རིང་དྲྭ་ལམ་ཁག་ཏུ་ལི་ཁེ་ཆང་ལ་མྱ་ངན་གྱི་བརྗོད་ཚིག་ཚོར་རྣོར་ཅན་གྱི་རིགས་ཁྱབ་སྤེལ་བྱས་པར་གཞུང་ཕྱོགས་ནས་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་མ་ཟད། ལི་ཁེ་ཆང་གི་ཕ་ཡུལ་ཨན་ཧོས་ནང་མྱ་ངན་གྱི་བྱེད་སྒོ་ཚོགས་སར་ཡང་རྒྱ་ནག་གཞུང་ཕྱོགས་ཀྱིས་དམིགས་བསལ་དོགས་ཟོན་དང་ལྟ་རྟོག་བྱེད་ཀྱི་ཡོད་པའི་གནས་ཚུལ་སྐོར་སོགས་ཁོང་གིས་མུ་མཐུད་གསུངས་སོང་།
ལི་ཁེ་ཆང་དང་ཞི་ཅིན་ཕིང་གཉིས་དབར་ལངས་ཕྱོགས་མི་མཐུན་པའི་འགལ་ཟླ་ཡོད་པར་ངོས་འཛིན་བྱེད་མཁན་བྱུང་བཞིན་ཡོད་པ་ལྟར། ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ དཔྱད་བརྗོད་གནང་སྐབས། ལི་ཁེ་ཆང་གིས་སྲིད་བློན་གཞོན་པའི་གོ་གནས་ལོ་ལྔ་དང་སྲིད་བློན་གྱི་གོ་གནས་ལོ་བཅུ་བཅས་ཁྱོན་སྡོམ་༡༥འི་དུས་ཡུན་རིང་། ཆེས་མཐའ་མའི་ལས་ཡུན་རིང་ཞི་ཅིན་ཕིང་གིས་ཁོའི་དབང་ཆ་དང་འགན་ཆ་ཚང་བ་ཁུར་བཅུག་མེད་པའི་སྐོར་གསུངས་སོང་།
ད་ལྟ་ཞི་ཅིན་ཕིང་གི་སྐབས་གསུམ་པའི་གཙོ་འཛིན་གྱི་ལས་ཡུན་འདིའི་ཁྲོད་དུ་ཁོའི་སྲིད་དབང་སྲ་བརྟན་གཏོང་ཐབས་སུ། ཁོའི་ཕྱོགས་གཏོགས་རྐྱང་རྐྱང་བསྐོ་བཞག་བྱས་ཡོད་པར་རྒྱ་ནག་ཕྱི་ནང་གང་སར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཉེ་ཆར་རྒྱ་ནག་གི་གུང་གཞོན་སྡེ་ཁག་ཆབ་སྲིད་ཤོག་ཁག་གི་ཁོངས་གཏོགས། ལི་ཁེ་ཆང་གྲོངས་རྗེས་ཤོག་ཁག་དེ་ཕལ་ཆེར་མཇུག་སྒྲིལ་བ་ལྟ་བུར་གྱུར་ཡོད་ལ། ཁོང་གྲོངས་རྐྱེན་ཐད་དོགས་པ་བྱ་གཞིར་གྱུར་ཡོད་ཅེས་ཀྱང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་དཔྱད་ཞིབ་གནང་ཡོད་ལ། ཉེ་སྔོན་རྒྱ་ནག་ཕྱི་སྲིད་བློན་ཆེན་ཆིན་ཀང་དང་། རྒྱལ་སྲུང་བློན་ཆེན་ལིས་ཧྲང་ཧྥུའུ་གཉིས་སྔ་རྗེས་སུ་གོ་གནས་ནས་ཕུད་ཡོད་པ་དེ་དག་ལས། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ཐོག་དཀའ་ངལ་ཆེན་པོ་ཡོད་པ་མཚོན་ཡོད་སྐོར་ཁོང་གིས་མུ་མཐུད་དཔྱད་བརྗོད་གནང་ཡོད།
ད་ལྟའི་ཆར་གཞུང་འབྲེལ་གྱིས་ལི་ཁེ་ཆང་ལ་མྱ་ངན་དང་རྗེས་དྲན་བྱེད་སྒོ་ཚོགས་རྒྱུའི་གནས་ཚུལ་ཐད་ད་སྔ་ཡོང་གྲགས་ཐོག་བཀོད་ཁྱབ་བཏང་མེད་མོད། འོན་ཀྱང་མང་ཚོགས་ཀྱིས་ཁོའི་ཕ་ཡུལ་དུ་མེ་ཏོག་ཕུལ་བ་སོགས་ཀྱི་ལམ་ནས་མྱ་ངན་དང་རྗེས་དྲན་ཞུ་བཞིན་ཡོད་འདུག
ལི་ཁེ་ཆང་ནི་ལོ་ན་༦༨ཙམ་ཡིན་ནའང་། ད་ལོའི་ཕྱི་ཟླ་གསུམ་པའི་ནང་རྒན་ཡོལ་དུ་ཕྱིན་པ་དང་། ཁོང་གིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་ལས་སླར་གསོ་ཡོང་ཐབས་སུ་འབད་བརྩོན་བྱེད་མཁན་ཞིག་ཡིན་འདུག
ཕྱི་ཟླ་༡༠ཚེས་༢༧ཉིན་ཁོ་མགྲོན་ཁང་ཞིག་ཏུ་ཆུར་རྐྱལ་བའི་སྐབས་གློ་བུར་དུ་སྙིང་རྩ་འགག་པའི་ནད་ཀྱི་རྐྱེན་གྱིས་སྨན་ཁང་དུ་སྐྱེལ་ཡང་སྐྱོབ་ཐུབ་མེད་པ་རེད་འདུག།
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།