ཀླུ་དཀོན་མཆོག་རྒྱ་མཚོ་ལགས་བཀག་ཉར་འདྲི་རྩད་བྱས་བ།
གཅན་ཚའི་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་ཀྱི་གྲྭ་ཤག་སྔོག་གཤེར་དང་བཀག་ཉར་འདྲི་རྩད་བྱས་བ།
-
2016-01-05 -
-
-
གཅན་ཚའི་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་ཀྱི་གྲྭ་ཤག་སྔོག་གཤེར་དང་བཀག་ཉར་འདྲི་རྩད་བྱས་བ།
འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། མདོ་སྨད་གཅན་ཚ་རྫོང་གི་ལ་མོ་བདེ་ཆེན་དགོན་པའི་ཀླུ་དཀོན་མཆོག་རྒྱ་མཚོ་ཟེར་བས། རང་གི་རྩ་བའི་བླ་མ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་བར་ཧི་མ་ལ་ཡའི་རི་རྒྱུད་ནས་རྒྱ་གར་དུ་བསྐྱོད་པའི་ལམ་བར་གྱི་དཀའ་སྡུག་གི་མྱོང་ཚོར་སྐོར་གྱི་དཔེ་དེབ་༼ཉིན་ཞག་ང་བཞི༽ཞེས་པ་ཞིག་བྲིས་པ་ལ་བརྟེན་ནས་ཉེ་སྔོན་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་འདྲི་གཅོད་དང་བཀག་ཉར་བྱས་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་ནི་ཉེ་སྔོན་སྤྱི་ལོ་༢༠༡༥ལོའི་ཟླ་༡༡པའི་ཚེས་༧ཉིན་གྱི་མཚན་མོའི་ཆུ་ཚོད་༢་པའི་ཐོག་གཙན་ཚ་རྫོང་གི་ཉེན་རྟོག་པ་གློ་བུར་ཁོང་གི་གྲ་ཤག་ནང་འཛུལ་ནས་སྔོག་བཤེར་བྱས་པ་དང་། ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་གཅན་ཚ་རྫོང་ཉེན་རྟོག་ལས་ཁུངས་ནས་འདྲི་རྩད་དང་བཀག་ཉར་བྱས་འདུག དེའི་རྗེས་ཁོང་རྨ་ལྷོ་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བའི་ནང་ཁྲིད་ནས་ཉིན་དྲུག་རིང་བཀག་ཉར་གྱིས་འདྲི་རྩད་ནན་པོ་བྱས་རྗེས། ཁོང་གིས་བྲིས་པའི་དཔེ་དེབ་༼ཉིན་ཞག་ང་བཞི༽ཞེས་བ་པར་བསྐྲུན་བྱེད་མི་ཆོག་པ་དང་། སྤྱི་ཚོགས་ཁྲོད་འགྲེམས་སྤེལ་རིགས་གང་ཡང་མི་ཆོག་པའི་བཙན་བཀའ་བཏང་བ་དང་གལ་སྲིད་དེ་ལྟར་བྱས་ཚེ་ཁོང་བཙོན་འཇུག་དང་ཁྲིམས་ཆད་སོགས་གཏོང་རྒྱུའི་ཉེན་བརྡ་བཏང་བ་མ་ཟད། ཁོང་གི་ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་ཀྱང་བཙན་འཕྲོག་བྱས་འདུག
དགེ་འདུན་པ་ཀླུ་དཀོན་མཆོག་རྒྱལ་མཚན་ལགས་ཕྱི་ལོ་༡༩༩༤་ལོར་རྒྱ་གར་ལ་ཕེབས་པའི་རྗེས་སུ། རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་སྒོ་མང་གྲ་ཚང་ནང་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༠་ལོར་ཕ་ཡུལ་ལ་ཕྱིར་ལོག་གནང་བ་དང་། ཁོང་གིས་གོང་ཞུས་ཉིན་ཞག་༥༤་ཞེས་པའི་དེབ་དེ་ཕྱི་ལོ་༢༠༡༣་ལོར་བྲིས་འགོ་བརྩམས་ནས་ཕྱི་ལོ་༢༠༡༥་ལོའི་ཟླ་བ་གསུམ་པའི་ནང་བྲིས་ཟིན་ནས་པར་བསྐྲུན་བྱེད་འཆར་བྱས་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།