འཕྲོད་བསྟེན་དང་སྤུས་ཚད་ལྡན་པའི་གྲོང་ཁྱེར་ལྷ་སའི་འཆར་གཞི།

ལྷ་ས་གྲོང་ཁྱེར་དེ་ནི་འཕྲོད་བསྟེན་དང་སྤུས་ཚད་ལྡན་པའི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མོལ་ཚོགས་འདུ་ཞིག་སྐོང་ཚོགས་བྱས་འདུག

༄༅༎ཟླ་བ་འདིའི་ཕྱི་ཚེས་དགུ་ཉིན་ལྷ་ས་གྲོང་ཁྱེར་དེ་ནི་འཕྲོད་བསྟེན་དང་སྤུས་ཚད་ལྡན་པའི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མོལ་ཚོགས་འདུ་ཞིག་སྐོང་ཚོགས་བྱས་པའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཙོ་གཞོན་པ་བདེ་སྐྱིད་ལགས་དང་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་རྡོ་རྗེ་ཚེ་བརྟན་ལགས་མཉམ་ཞུགས་བྱས་ཡོད་པ་རེད།

དེ་རིང་རེས་གཟའ་པ་སངས་ཉིན་བོད་ལྗོངས་མི་དམངས་ཉིན་རེའི་ཚགས་པར་ལས་ཁང་གི་དྲ་རྒྱའི་ཐོག་ལ། ཚོགས་འདུ་དེའི་ཐོག་ཏུ་ལྷ་ས་གྲོང་ཁྱེར་ནང་གི་འཕྲོད་བསྟེན་ཐད་ཞིབ་འཇུག་བྱེད་མཁན་གྱི་འབྲེལ་ཡོད་འཕྲོད་བསྟེན་ཚན་པ་དང་ཁོར་ཡུག་སྲུང་སྐྱོབ་ཚན་པའི་སྐུ་ཚབ་ཚོས་ཞིབ་འཇུག་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད་པ་དང། ད་བར་ཏུ་ལྷ་ས་གྲོང་ཁྱེར་ཐོག་ནས་ཉེ་འཁོར་གྱི་ལྷ་སའི་ཁྱབ་ཁོངས་ཀྱི་གྲོང་གསེབ་ས་ཁུལ་ནང་གི་རྨང་གཞིའི་འཛུགས་སྐྲུན་ཐོག་ལ་མྱུར་ཚད་མགྱོགས་པོའི་ངང་ཡར་རྒྱས་གཏོང་ཐབས་འབད་བརྩོན་བྱེད་བཞིན་ཡོད་ཚུལ་དང། ལྷག་པར་དུ་གྲོང་གསེབ་ས་ཁུལ་དེ་དག་ནང་གི་གནས་སྡོད་མི་དམངས་ཚོར་ཁོར་ཡུག་སྲུང་སྐྱོབ་བྱ་ཕྱོགས་ཀྱི་གོ་རྟོགས་སྤེལ་བའི་ལས་དོན་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་རེད།

ད་དུང་དྲ་རྒྱ་དེའི་ཐོག་ལ། ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་ཡར་རྒྱས་ཀྱི་དམིགས་བསལ་ལས་དོན་རྣམ་གྲངས་བཅུ་ལག་བསྟར་བྱེད་བཞིན་ཡོད་ཚུལ་དང། དེ་ནི་ཁྲོམ་རའི་ཐོག་ཟ་བཅའ་བསྲེས་ལྷད་བཏང་བའམ་རྫུན་མའི་རིགས་ཚོང་འགྲེམས་བཀག་འགོག་གི་ལས་དོན་དང། ཁྲོམ་རའི་ནང་ཁྲིམས་འགལ་གྱི་དངོས་ཟོག་དྲིལ་བསྒྲགས་བྱེད་པའི་བྱ་སྤྱོད་མེད་པ་བཟོ་ཐབས། འཛུགས་སྐྲུན་གྱི་ལས་གྲ་ཁག་གིས་རྒྱུ་ཆ་རྫུན་མ་བསྲེས་ལྷད་གཏོང་བའི་བྱ་སྤྱོད་འགོག་ཐབས་ཀྱི་སྒྲིག་སྲོལ་དམ་དུ་གཏང་རྒྱུ། ཁྲོམ་རའི་ཐོག་རྒྱུ་ཆ་ཕན་མེད་ཚོང་འགྲེམས་བྱེད་པ་རྣམས་འཕྲལ་དུ་མེད་པ་བཟོ་རྒྱུ་སོགས་ཡིན་པ་བཤད་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་ནད་རིགས་སྔོན་འགོག་ལས་ཁང་གི་འགན་འཛིན་ཅཱང་ཛུ་ཡིས། ང་ཚོས་ལྷ་ས་གྲོང་ཁྱེར་དེ་ནི་བོད་ཀྱི་ས་ཁུལ་ཁྱོན་ཡོངས་ནས་འཕྲོད་བསྟེན་དང་སྤུས་ཚད་ལྡན་པའི་གྲོང་ཁྱེར་ཐེངས་དང་པོ་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་གང་ཡོད་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད་པ་དང། མ་འོངས་པར་བོད་ས་ཁྱོན་ཡོངས་སུ་དེ་ལྟ་བུ་རིམ་པས་ཡར་རྒྱས་གཏོང་རྒྱུ་ཡིན་པ་གཏམ་བཤད་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org