བོད་ཀྱི་ལྷ་ས་གོང་དཀར་གནམ་ཐང་བརྒྱུད་འགྲུལ་བཞུད་པ་ས་ཡ་ལྔ་ལྷག་བྱུང་ཡོད་ཟེར།

རྒྱ་ནག་གཞུང་གིས་བོད་ནང་ལྟ་སྲུང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་འཛིན་བཞིན་ཡོད་པ་བརྗོད་ཡོད་པ་རེད།

པར་ཚགས། ཨེ་པི།

རྒྱ་གཞུང་གིས་ལྷ་སར་གོང་དཀར་གནམ་ཐང་བརྒྱུད་འདི་ལོ་འགྲུལ་པ་མི་གྲངས་ས་ཡ་ལྔ་ལྷག་ལ་སྣེ་ལེན་བྱས་ལུགས་བཤད་ཡོད་ཀྱང་། ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་འདི་འཛམ་གླིང་ནང་ཆེས་དམ་དྲག་ཆེ་ཤོས་ཡིན་པ་གསལ་སྟོན་གནང་ཡོད་ལ།  རྒྱ་ནག་གི་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་བོད་ནང་ལྟ་སྲུང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་འཛིན་བཞིན་ཡོད་པ་བརྗོད་ཡོད་པ་རེད།

འདི་ལོ་བོད་ཀྱི་རྒྱལ་ས་ལྷ་སའི་གོང་དཀར་གནམ་ཐང་བརྒྱུད་འགྲུལ་པ་མི་གྲངས་ས་ཡ་ལྔ་ལྷག་འགྲུལ་བཞུད་བྱས་ཡོད་པ་དང་དེ་ནི་ད་བར་གྱི་གྲངས་ཀ་མཐོ་ཤོས་ཡིན་ལུགས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་འདུག་ལ། ལྷ་ས་གོང་དཀར་གནམ་ཐང་ནི་ ༡༩༦༥ ལོར་འགོ་བཙུགས་ནས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་དེ་དག་གི་རིང་གོང་དཀར་གནམ་ཐང་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་བར་གསུམ་གྱི་འགྲིམས་འགྲུལ་གྱི་འབྲེལ་ལམ་ཇེ་ཆེར་འཕེལ་བཞིན་ཡོད་ཚུལ་བཀོད་ཡོད་པ་རེད། འོན་ཀྱང་ཨ་རིའི་རང་དབང་ཁང་པས་འདི་ལོ་བཏོན་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་ནང་ནས་རང་དབང་སྐྱོ་ཤོས་སུ་ངོས་འཛིན་ཐེར་འདོན་བྱས་ཡོད་ཅིང་།   བོད་ནང་གི་རང་དབང་གི་གནས་སྟངས་སྡུག་པོ་ཡོད་པ་དེ་ནི་འགྱུར་བ་མེད་པར་རང་འཇགས་གནས་པའི་ཁར། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ཐོག་ལ་སློབ་སྦྱོང་མི་སྤྲོད་པའི་སྲིད་ཇུས་འཛིན་བཞིན་ཡོད་པ་མ་ཟད་། བོད་མིའི་རང་དབང་ལ་མུ་མཐུད་ནས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་བཀོད་ཡོད་པ་རེད། 

དེ་བཞིན་ཉེ་ཆར་རྒྱ་གར་གྱི་རྒྱ་གར་གྱི་Hyderabad གཙུག་ལག་སློབ་ཆེན་ནང་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ལྷན་ཚོགས་ཤིག་གི་ཐོག           རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཡུལ་གྱི་བོད་ནང་གི་བོད་མི་ཚོའི་ཐོག་གསང་ལྟའི་བྱ་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བའི་གནས་སྟངས་ཐད་ལ་བགྲོ་གླེང་གནང་ནས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཟུངས་ཁྲག་ནས་DNA ཞེས་རིགས་རྫས་བསྡུ་རུབ་བྱས་ཏེ་བོད་མིའི་ཐོག་ལ་ལྟ་ཞིབ་བྱེད་པ་དང་།  དེ་ཡང་ཟུངས་ཁྲག་གི་རིགས་རྫས་བསྡུ་རུབ་བྱས་པ་དེ་ནས་བོད་མི་གང་ཞིག་ཁྲིམས་ཐོག་ནས་རྙོག་དྲའི་ནང་ཚུད་པ་ཚོར་དམ་དྲག་དང་ལྟ་བཤེར་བྱ་བདེའི་ཆེད་དུ་བེད་སྤྱོད་གཏོང་ཉེན་ཡོད་པ་དང་། བོད་དེ་བཞིན་རྒྱ་ནག་གཞུང་གིས་འཕྲུལ་རིགས་ཚོད་ལྟ་བྱ་ཡུལ་དང་།  འཕྲུལ་རིགས་ཐོག་ནས་ལྟ་ཞིབ་བྱ་ཡུལ་དུ་གྱུར་ཡོད་ཅེས་གསུངས་ཡོད་ལ། ད་དུང་རྒྱ་ནག་གཞུང་གི་ཉེན་རྟོག་ཁང་དང་། རྒྱ་ནག་མི་དམངས་བཅིངས་གྲོལ་དམག    དྲག་ཆས་དམག་དཔུང་། དེ་བཞིན་བདེ་འཇགས་དང་སྲུང་སྐྱོབ་ཚན་པ།    སྲུང་དམག་དེ་དག་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་རྒྱལ་ནང་སྲུང་སྐྱོབ་ཀྱི་ལས་གཞི་གཙོ་བོ་ཆགས་ཀྱི་ཡོད་པ་དང་། དེ་དག་གི་ཆེད་དུ་འགྲོ་གྲོན་དངུལ་རྩིས་མང་དུ་བཏང་བ་དེ་ཡིས་རྒྱ་ནག་གཞུང་གིས་བོད་ནང་མངོན་གསལ་དོད་པོས་འཇིགས་སྐུལ་བྱེད་གཞིར་གྱུར་བཞིན་ཡོད་པ་གླེང་ཡོད་འདུག

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ་དང་། དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org