བཀྲས་མཐོང་ལྷ་སྒྲོན་ལགས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་ཐོབ་པ།

བྱ་དགའ་འདི་ནི་བོད་ནང་གི་བོད་མི་དང་བོད་ཕྱི་ཕྱོགས་སུ་བཞུགས་པའི་བོད་མི་ཚོའི་རང་དབང་དང་ཐོབ་ཐང་གི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་པའི་མཚོན་དོན་དང་བརྡ་ལན་ཞིག་ཡིན་ཞེས་གསུངས་བྱུང་།

བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་བཞེས་བཞིན་པའི་སྐབས། ༢༠༢༤།༠༡།༡༨ ཉིན། RFA

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་པ་ཆེན་མོ་ Rashad Hussain ར་ཤདྷ་ཧུསེན་མཆོག་གིས་དབུ་བཞུགས་ཐོག་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་སུ་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༨ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་སྩལ་གནང་འདུག 

འདི་ནི་ཁོང་གིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་གྱི་ལས་འཁུར་ཞུས་པའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་ལ་གནོད་འཚེ་གཏོང་བཞིན་པའི་གནས་ཚུལ་རྣམས་འཛམ་གླིང་མི་མང་ལ་གོ་རྟོགས་སྤེལ་བ་དང་།  རྒྱ་ནག་གཞུང་གིས་བོད་ཕྱི་ནང་དུ་གནས་ཚུལ་འགྲོ་རྒྱུགས་ལ་དམ་དྲག་བཀག་འགོག་བྱས་མིན་ལ་ལྟོས་མེད། རང་དབང་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་ནུས་པའི་འཕྲུལ་རིག་མཁོ་ཆས་དང་མཉེན་ཆས་རིགས་བཟོ་སྐྲུན་བྱས་པ།  དེ་བཞིན་ཐུན་མོང་གི་བསྒྲུབ་བྱ་སྟེ་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་པ་བཅས་ལ་ངོས་འཛིན་ཆེ་བསྟོད་ཞུས་པ་ཞིག་ཡིན་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་ཐོབ་མཁན་ཡུལ་ལུང་བདུན་ཙམ་གྱི་ཆོས་ལུགས་འདྲ་མིན་གྱི་རྒྱབ་ལྗོངས་ཡོད་པའི་མི་སྣ་བརྒྱད་ཚུད་ཡོད་ཅིང་།  འདིའི་ཁོངས་སུ་ཡི་ཤུ་དང་། བོད་བརྒྱུད་ནང་པ། ཁ་ཆེ་སོགས་འཛམ་གླིང་གི་ཆོས་ལུགས་འདྲ་མིན་གྱི་མི་སྣ་ཚུད་ཡོད་པ་དང་། བྱ་དགའ་འདི་ནི་འཛམ་གླིང་ཁྱོན་ཡོངས་སུ་ཆོས་ལུགས་ཀྱི་རང་དབང་སྲུང་སྐྱོབ་དང་ཆོས་ལུགས་ཀྱི་ལས་དོན་སྤེལ་རྒྱུའི་ཆོད་སེམས་བཅང་མཁན་དང་སྙིང་སྟོབས་ལྡན་པ་ཚོར་ངོས་འཛིན་ཞུ་ཆེད་དམིགས་བཅངས་བྱས་ཡོད་པ་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཚེས་ ༡༨ ཉིན་གསལ་བསྒྲགས་སྤེལ་བའི་ནང་བཀོད་འདུག
བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་བྱ་དགའ་སྩལ་སོན་བྱུང་པའི་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་ལམ་བརྒྱུད། བྱ་དགའ་འདི་འདྲ་ཞིག་ཐོབ་པ་ནི་བོད་མིའི་ཆོས་དད་རང་དབང་ཆེད་ལས་དོན་བསྒྲུབས་པར་ངོས་འཛིན་ཐོབ་པ་ཞིག་ཡིན་པ་གསུངས་ཤིང་། ཁོང་སྒེར་ལ་དགའ་ཚོར་ཆེན་པོ་བྱུང་ཞེས་བརྗོད་བྱུང་

ལྷ་སྒྲོན་ལགས་ཀྱིས་གསུངས་དོན་དུ། བྱ་དགའ་འདི་ནི་བོད་ནང་གི་བོད་མི་དང་བོད་ཕྱི་ཕྱོགས་སུ་བཞུགས་པའི་བོད་མི་ཚོའི་རང་དབང་དང་ཐོབ་ཐང་གི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་པའི་མཚོན་དོན་དང་བརྡ་ལན་ཞིག་ཡིན་ཞིང་།  དེ་ཡང་ད་ཆ་བོད་ནང་དུ་བོད་ཕྲུག་ས་ཡ་གཅིག་ཙམ་རང་གི་ཕ་མའི་སར་ནས་ཁ་བྲལ་བཏང་སྟེ་བྱིས་པ་རྣམས་གཏན་འཇགས་སློབ་གྲྭར་བཙན་དབང་གིས་བཅུག་པའི་དུས་ཚོད་ཅིག་ལ་འཁེལ་བས་གནད་འགག་ཆེན་པོ་ཆགས་པ་རེད་ཅེས་དང་།  གཏན་འཇགས་སློབ་གྲྭའི་སློབ་ཕྲུག་འདི་དག་ལ་མཚོན་ནའང་རང་གི་ཕ་མེས་ནས་རང་རྒྱུད་ལ་འཇགས་པའི་ཆོས་ཕྱོགས་ཀྱི་གོམས་གཤིས་དང་སྲོལ་རྒྱུན་གྱི་བྱེད་སྒོར་འཇུག་རྒྱུའི་རང་དབང་ཐད་དམ་དྲག་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་མུ་མཐུད་གསུངས་དོན། བོད་མིའི་འཐབ་རྩོད་ནི་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་འཐབ་རྩོད་ལ་ངོས་འཛིན་གནང་སྟེ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པས།  དུས་སྐབས་འདིར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་འདི་འདྲ་ཞིག་ཐོབ་པ་ནི་བློ་སྤོབས་སྐྲུན་གཞི་གཅིག་ཡིན་པ་བརྗོད་བྱུང་། 

བཀྲས་མཐོང་ལྷ་སྒྲོན་ལགས་ནི་ནུབ་ཕྱོགས་ཡུལ་གྲུའི་ནང་ཚར་ལོངས་བྱུང་པའི་བོད་མི་གཞོན་སྐྱེས་ཀྱི་འགོ་ཁྲིད་ཅིག་ཡིན་པ་དང་།  ཁོང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པ་གསར་འཛུགས་ཀྱི་མཚོན་བོད་མིའི་འཐབ་རྩོད་དང་འབྲེལ་བའི་ལས་དོན་མང་དག་ཅིག་གནང་པ་དང་།  བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་གྱི་ལས་འཁུར་ཞུས་ཏེ་བོད་མིའི་སྤྱི་ཚོགས་ཁྲོད་འཕྲུལ་རིགས་དང་དྲ་རྒྱའི་བདེ་འཇགས་འབྲེལ་བའི་ལས་དོན་མང་པོ་བརྩམས་ཡོད་ལ།  བསྟི་གནས་ཁང་གི་ལས་དོན་ལ་ཆེ་མཐོང་ངོས་འཛིན་ཞུས་ཏེ་ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་དམངས་གཙོ་ཡར་ཐོན་ཐེབས་རྩ་ཁང་གི་དམངས་གཙོའི་བྱ་དགའ་ཡང་བཞེས་མྱོང་ཡོད་མཁན་ཞིག་ཡིན་པ་རེད།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག 

རྩོམ་སྒྲིག་པ། སྐལྡན་བློ་གྲོས།

དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org