ལྷ་དར་ལགས་ཉེན་རྟོག་པས་འཛིན་བཟུང་རྗེས་གནས་སྟངས་གསལ་ཆ་མེད་པར་གྱུར་འདུག
བོད་ནག་ཆུ་ཕྱོགས་ཀྱི་ལྷ་དར་ལགས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་རྗེས་ད་ལྟའི་གནས་སྟངས་གསལ་ཆ་མེད་པར་ལུས་འདུག
-
2019-11-06 -
-
-
བོད་ནག་ཆུ་ཕྱོགས་ཀྱི་ལྷ་དར་ལགས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་རྗེས་ད་ལྟའི་གནས་སྟངས་གསལ་ཆ་མེད་པར་ལུས་འདུག
རྒྱ་ནག་གི་ཉེན་རྟོག་པས་སྤྱི་ཟླ་༡༠་བའི་ཚེས་༨་ཡས་མས་སུ་འཛིན་བཟུང་བྱས་བའི་བོད་ནག་ཆུ་ས་ཁུལ་རྟར་ཆེན་ཤང་གེ་སོ་ཚ་ལྷིས་གྲོང་ཚོ་ནས་ཡི་ན་པའི་ལྷ་དར་ལགས་ཀྱི་གནས་སྟངས་ད་ཆ་གསལ་ཆ་མེད་པར་ལུས་ཡོད་པ་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་དང་།
ལྷ་དར་ལགས་འཛིན་བཟུང་བྱས་དོན་ནི། རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་བྱས་པའི་ཉེས་འཛུགས་འོག་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་ལ། ལྷ་དར་ལགས་ཀྱིས་རྒྱུན་དུ་རྒྱ་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་སློབ་གསོ་དང་། བོད་མིའི་འགྲོ་བསྐྱོད་རང་དབང་ཐོག་ལ་བསུན་གཙེར་བྱེད་བཞིན་པའི་སྲིད་ཇུས་ལ་རིགས་ལ་མཐའ་གཅིག་ཏུ་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་། བོད་གཞིས་བྱེས་མཉམ་འཛོམས་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཡོང་རྒྱུའི་རེ་བ་དང་། དད་པ། ཡིད་ཆེས་ཡོད་ཚུལ་འཛེམ་ཟོན་མེད་པར་བཤད་ཀྱིས་ཡོད་པར་བརྟེན་རྒྱ་ནག་སྲིད་གཞུང་ཕྱོགས་ནས་་སྔོན་མ་ནས་དམིགས་བཀར་གྱིས་རྗེས་འདེད་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་སོང་།
ད་དུང་ལྷ་དར་ལགས་ནི་སྤྱི་ལོ་༢༠༡༣་ལོར། རྒྱ་ནག་གཞུང་གིས་ཤག་རོང་པོ་དགོན་པར་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་བཞག་ནས་སྒོ་རྒྱབ་སྐབས། སྲིད་གཞུང་གི་མི་སྣ་དང་ཡུལ་མི་དབར་རྩོད་རྙོག་བྱུང་བ་བརྟེན། ཡུལ་མི་བཅུ་ཕྲག་ཁ་ཤས་འཛིན་བཟུང་བྱས་བའི་ཁྲོད་ནས་གཅིག་ཡིན་པ་དང་། དུས་དེ་ནས་བཟུང་བོད་མི་དེ་དག་ལ་འགྲོ་སྡོད་སྤྱོད་གསུམ་རྒྱ་ནག་གིས་དམ་དྲག་དོགས་ཟོན་བྱེད་བཞིན་པ་རེད།
ལྷ་དར་ལགས་ནི་ད་ལྟ་རང་ལོ་༣༦་ཙམ་ཡིན་པ་དང་། བོད་ལྗོངས་ནག་ཆུ་ས་ཁུལ་རྟར་ཆེན་ཡུལ་ཚོ་གེ་སོ་ཚ་ལྷིས་གྲོང་ཚོ་ནས་ཡིན་པ་རེད།
གཞན་ཉེ་ལམ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་མ་སླེབས་གོང་སྤྱི་ཟླ་༩་ཚེས་༢༠་ཡས་མས་ལ། རྒྱ་ནག་ས་གནས་སྲིད་གཞུང་གི་ལས་བྱེད་མི་སྣ་ནག་ཆུ་ཕྱོགས་སུ་སྐོར་བསྐྱོད་ལ་ཡོང་ནས། བོད་མི་སྨན་པ་ཚེ་རྒྱལ་དང་། ཡར་འཕེལ། བདུད་འདུལ་ལྷ་རྒྱས། ནོར་བཟང་། ཤེས་དབང་རྣམ་རྒྱལ། སྲིད་ཐར་དབང་རྒྱལ་བཅས་བསྡོམས་པས་མི་དྲུག་ལ་སློབ་གསོ་སྤྲོད་རྒྱུ་ཡིན་ལུགས་བཤད་དེ། རྟར་ཆེན་ཡུལ་ཚོའམ་ཤང་ལ་བཙན་ཁྲིད་བཀག་ཉར་བྱས་ཡོད་པ་དང་། རྗེས་སུ་ཁོང་ཚོའི་ཁྲོད་ཀྱི་མི་ལྔ་རིམ་པས་གློད་བཀྲོལ་བཏང་ཡོད་ཀྱང་། ད་ལྟ་རང་ལོ་༣༥་ཙམ་ཡིན་པའི་ནོར་བཟང་ལགས་སྤྱི་ཟླ་༩་ཚེས་༢༧་ཕྱི་དྲོ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ནས་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་རེད།