རྒྱ་རིགས་ཚོས་བོད་ནང་གི་གནས་སྟངས་ཐད་འབོད་སྐུལ།

བོད་ནང་རྒྱ་ནག་གི་དམ་བསྒྲགས་འོག་བོད་མི་རང་ལུས་མེ་བསྲེགས་གཏོང་མཁན་ཇེ་མང་ལ་འགྲོ་བཞིན་པའི་སྐབས་རྒྱ་རིགས་གྲོགས་པོ་ཚོས་ཛ་དྲག་གནས་སྟངས་ཐད་འབོད་སྐུལ་གྱི་ཡི་གེ་ཞིག་འགྲེམས་སྤེལ་གནང་འདུག

དེ་ཡང་ཚེས་༢༦་ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་དོན། ཨ་རི་གཙོས་པའི་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་གིས་སྣེ་འཁྲིད་དེ་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་མུ་མཐུད་ཐོན་བཞིན་པར་དམིགས་ཏེ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་། གཞུང་གི་འགོ་ཁྲིད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་ཁབ་སོ་སོའི་གསར་འགོད་པ་གཙོ་གྲས། ཡུ་རོབ་སྤྱི་མཐུན་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་འབུལ་རྒྱུའི་འབོད་སྐུལ་གྱི་ཡི་གེ་ཞིག་དེ་རིང་འགྲེམས་སྤེལ་གནང་ཡོད་འདུག

འབོད་སྐུལ་ཡི་གེ་དེའི་ཟིན་བྲིས་བཟོ་ཆེད་ཕྱི་ཟླ་ ༡༡ ཚེས་ ༡༧ དང་ཚེས་ ༢༤ ཉིན་སོ་སོར་རྒྱ་རིགས་ཚོས་དེང་དུས་དྲྭ་རྒྱའི་ལམ་ནས་ཚོགས་འདུ་ཐེངས་གཉིས་ཚོགས་ཡོད་པ་དང་ ཚོགས་འདུ་དེར་ཉི་ཧོང་དང་། ཁེ་ན་ཌ། འཇར་མན། ཨ་རི། ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཉི་ཤུ་ཙམ་མཉམ་ཞུགས་གནང་ཡོད་འདུག་། དེ་བཞིན་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་འཕར་ཀུན་དགའ་བཀྲིས་ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་བློ་བཟང་ཉི་མ་ལགས། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གི་ཟླ་སྒྲོན་ལགས་བཅས་རྒྱ་རིགས་འབྲེལ་མཐུད་པ་གསུམ་དང་། དེ་མིན་གྱི་བོད་རིགས་རྒྱ་ཡིག་མཁྱེན་མཁན་ཁག་ཅིག་ཆེད་མངགས་ཚོགས་འདུར་གདན་ཞུ་གནང་ཡོད་པ་ལྟར་མཉམ་ཞུགས་གནང་འདུག

སྔ་རྗེས་ཐེངས་གཉིས་ཚོགས་པའི་ཚོགས་འདུའི་ཐོག་གཙོ་བོ་དོན་གནད་གཉིས་ཐོག་གྲོས་བསྡུར་གནང་འདུག་ལ་ གཅིག་ནི་ཉེ་བའི་དུས་ཡུན་ནང་བོད་ནང་རང་ལུས་མེར་སྲེག་གི་གནད་དོན་མུ་མཐུད་ཐོན་བཞིན་ཡོད་པའི་སྐབས་འདིར་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་ནུས་པ་ལྡན་པའི་ལས་འགུལ་ག་རེ་སྤེལ་རྒྱུ་ཡོད་མེད་སྐོར་དང་། གཉིས་པ་ནི་ ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་གྱུར་བཞིན་པའི་སྐབས་འདིར་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་། གཞུང་གི་འགོ་ཁྲིད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་ཁབ་སོ་སོའི་གསར་འགོད་པ་གཙོ་གྲས། ཡུ་རོབ་སྤྱི་མཐུན་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་འབུལ་རྒྱུའི་འབོད་སྐུལ་གྱི་ཡི་གེ་ཞིག་བཟོ་རྒྱུར་ནང་དོན་གང་ཞིག་ཚང་དགོས་མིན་སྐོར་བཅས་གནད་དོན་གཉིས་ཀྱི་ཐོག་གྲོས་བསྡུར་གནང་སྟེ་།  འབོད་སྐུལ་གྱི་ཡི་གེ་དེ་བཟོས་ཟིན་པ་དང་། ཚེས་༢༦་ཉིན་ནས་བཟུང་ཚོགས་སྡེ་ཁག་གིས་ས་རྟགས་བསྡུ་ལེན་གནང་རྒྱུ་འགོ་འཛུགས་གནང་གི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org