ཤར་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན་རྒྱ་ནག་གཞུང་གིས་ཡུ་རོབ་ནང་སྐུ་ཚབ་ཚོགས་ཆུང་ཟེར་བ་བཏང་སྟེ་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད་འདུག
ཤར་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན་རྒྱ་ནག་གཞུང་གིས་ཡུ་རོབ་ནང་སྐུ་ཚབ་ཚོགས་ཆུང་ཟེར་བ་བཏང་སྟེ་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད་འདུག
- 2024-11-18
-
-
-
Your browser doesn’t support HTML5 audio
ཟླ་ ༡༡ ཚེས་ ༧ ནས་ ༡༠ བར་རྒྱ་ནག་གཞུང་འབྲེལ་དབུས་དྲིལ་བསྒྲགས་ལས་ཁུངས་ཟེར་བས་ཆེད་གཏོང་བྱས་པ། རྒྱ་ནག་གི་བོད་རིག་པ་ཟེར་བའི་ཚོགས་ཆུང་ཞིག་གིས་ཤར་ཡོ་རོབ་ཀྱི་ཡུལ་གྲུ་ལཱ་ཊི་ཝེ་ཡ་ (Latvia) དང་ཨིས་ཊོ་ནི་ཡ་ (Estonia)གཉིས་ནང་སྐོར་སྐྱོད་ཀྱིས། ཡུལ་དེའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་སོགས་ལ་ཐུག་འཕྲད་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་ཡོད་པའི་དྲིལ་བསྒྲགས་སོགས་བྱས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཡོ་རོབ་རྒྱལ་ཁབ་ཁག་གཙོས་ལྷག་པར་དུ་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་དེ་སྔ་དམར་ཤོག་རིང་ལུགས་ཀྱི་དབང་སྒྱུར་འོག་ཏུ་བསྡད་མྱོང་མཁན་ཚོས། བོད་དོན་སྐོར་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ་དེར་འཇིགས་སྣང་ཡོང་གི་ཡོད་པས། དེ་དག་ལ་ཁ་གཏད་གཅོག་ཆེད་སྐུ་ཚབ་ཚོགས་པ་ཆེད་གཏོང་གིས་དྲིལ་བསྒྲགས་ཡོང་ཐབས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། ཐེངས་འདིར་རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་སྐུ་ཚབ་ཚོགས་ཆུང་ཟེར་བ་དེའི་ཁྲོད། བོད་རང་སྐྱོང་ལྗོངས་རིག་གཞུང་བརྗེ་རེས་ཚོགས་པ་དང་། རྒྱ་ནག་གི་བོད་རིག་པའི་ཚོགས་མི་དང་། རྒྱ་ནག་འཕྲུལ་ལས་དང་གློག་གི་མཐོ་སློབ་ཀྱི་མི་སྣ་སོགས་ཡོད་པ་དང་། སྐུ་ཚབ་ཚོགས་ཆུང་ཟེར་བ་དེ་ཨིས་ཊོ་ནི་ཡའི་ནང་བོད་དེ་གནའ་སྔ་མོ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་སྟེ་ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་བོད་ནང་གི་རྒྱལ་ནང་ཐོན་སྐྱེད་རྒྱ་ནག་རྒྱལ་ཡོངས་ཀྱི་ཨང་རིམ་དང་པོ་ལོ་བརྒྱད་ལ་བྱུང་བ་སོགས་བསྒྲགས་ཡོད་པ་མ་ཟད། ཐེངས་འདིའི་སྐོར་སྐྱོད་དང་འབྲེལ་ཏཱ་ལའི་བླ་མ་དང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་དོན་སྐོར་ལ་འཁྱོག་བཤད་བྱས་མིན་ལ་མ་ལྟོས་པར་གྲུབ་འབྲས་ཡག་པོ་བྱུང་སྐོར་སོགས་བཀོད་འདུག་ལ། ཡང་ཟླ་བ་ཚེ་རིང་ལགས་ནས་མུ་མཐུད། རྒྱ་ནག་གཞུང་ཞེད་སྣང་ཡོང་གཞི་གཙོ་བོ་གཅིག་འདི་ལོ་ཨ་རིའི་བོད་ཀྱི་ལོ་རྒྱུས་ཐོག་གི་གནས་བབ་ཐད་ཁྲིམས་འཆར་བཞག་པས། ཡོ་རོབ་རྒྱལ་ཁབ་ཁག་གིས་ཀྱང་ཨ་རིས་རྗེས་སུ་འབྲངས་ཏེ་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་མུ་མཐུད་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བར་བོད་དོན་དེ་ཤུགས་ཆེ་རུ་ཡོང་གཞི་ཞིག་ཏུ་གྱུར་ཡོད་པས། རྒྱ་ནག་གིས་ད་ལྟ་ནས་ཡོ་རོབ་རྒྱལ་ཁབ་ཁག་ནང་དེ་ལྟར་མི་ཡོང་བའི་ཐབས་ཤེས་ཤིག་ཆགས་ཀྱི་ཡོད་པ་སོགས་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར་འདི་ལོའི་ཟླ་ ༩ ནང་ཡོ་རོབ་རྒྱལ་ཁབ་ཧྥ་རན་སི་དང་ནོར་ཝེ་གཉིས་ནང་། བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཟེར་བ་བཏང་སྟེ་ལོ་རྒྱུས་ཀྱི་དོན་དངོས་ལ་གཞིགས་ནས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་ཀྱི་གནད་དོན་ཟེར་བ་ཞིག་རྩ་ནས་མེད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཚོས་བོད་དོན་སྤྱད་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པ་དེ། བོད་མི་ཚོའི་བདེ་སྐྱིད་དང་འབྲེལ་བ་གཏན་ནས་མེད་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་ན་ཡང་། ཨ་རིར་རྟེན་གཞི་བྱས་པའི་བོད་དོན་ལྟེ་གནས་ཁང་གིས་གནས་ཚུལ་དེ་དང་འབྲེལ། རྒྱ་ནག་གཞུང་གིས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་སྐུ་ཚབ་ཆེད་གཏོང་གིས་བོད་ནང་ཡར་རྒྱས་བཏང་ཡོད་པའི་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་ཡོད་ན་ཡང་། ཤར་ཡོ་རོབ་རྒྱལ་ཁབ་ཨེ་སི་ཊོ་ནི་ཤི་ཡའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐད་ནས་ཉན་ཞིབ་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་ ༣༥ ཆེད་བཅར་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉན་ཞིབ་ཆེད་གདན་འདྲེན་ཞུས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག
རྒྱ་ནག་ངོས་ནས་ད་ཐེངས་ཙམ་མ་ཡིན་པར་བོད་ནང་ཡར་རྒྱས་བཏང་ཡོད་པའི་སྐུ་ཚབ་ཚོགས་པ་ཆེད་གཏོང་གིས་བོད་སྐོར་ལ་དྲིལ་བསྒྲགས་ཆེད། དེ་སྔ་ཕྱི་ལོ་ ༢༠༠༧ ཡོ་རོབ་ཀྱི་ཨོས་ཊི་རི་ཡ་(Austria)དང་། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལི་(Italy)། ཕྱི་ལོ་ ༢༠༡༡ ལོར་གྷི་རི་སི་(Greece)སོགས་སུ་བོད་དང་འབྲེལ་སྐུ་ཚབ་ཚོགས་པ་ཆེད་གཏོང་གིས་འཁྱོག་བཤད་དྲིལ་བསྒྲགས་སྣ་ཚོགས་བྱེད་ཐབས་བྱེད་བཞིན་ཡོད་ན་ཡང་། ཡོ་རོབ་རྒྱལ་ཁབ་ཁག་ནས་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ་མ་ཟད། འདི་ལོའི་ཟླ་ ༡ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལཱ་ཊི་ཝེ་ཡ་རྒྱལ་ཁབ་ནང་ཆེད་ཕེབས་ཀྱིས། ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཐུག་འཕྲད་ཀྱིས་བོད་ནང་གི་གནས་སྟངས་ཐད་བགྲོ་གླེང་དང་། དེ་བཞིན་ཕྱི་ཟླ་ ༥ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་སྐོར་སྐྱོད་དང་འབྲེལ་ཧྥ་རན་སི་དང་རྒྱ་ནག་གི་འབྲེལ་བའི་སྐོར་ལ་མཛད་སྒོ་དང་བསྟུན། ཧྥ་རན་སའི་སྲིད་འཛིན་(Emmanuel Macron)མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཐུག་འཕྲད་བྱས་ཡོད་པ་རེད་ལ། གཞན་ཡང་ཟླ་ ༩ ནང་ཨིས་ཊོ་ནི་ཡ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་ཆེད་བཅར་གྱིས། བོད་ཀྱི་མང་གཙོའི་དུས་དྲན་གྱི་མཛད་སྒོར་ཆེད་བཅར་དང་འབྲེལ་བོད་དོན་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་སོགས་བྱས་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།