“ཐེ་ཝན་གྱི་སྲིད་འཛིན་ཐེ་ཝན་མི་མང་གིས་འོས་འདེམས་བྱ་རྒྱུ་དང་། ཐེ་ཝན་གྱི་ཕྱི་ཕྱོགས་ནས་ཐེ་ཇུས་ལ་འགོག་རྒོལ་བྱ་རྒྱུ་ཡིན།” Lai Ching-te

བདམས་ཐོན་སྲིད་འཛིན་གསར་པ་ Lai Ching-te ཡིས་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་མ་ཐག་རྒྱལ་ཁའི་གསུང་བཤད་གནང་པའི་ནང་། མང་གཙོའི་རིང་ལུགས་དང་མི་གཅིག་སྲིད་དབང་རིང་ལུགས་གཉིས་ནས་ང་ཚོས་དམངས་གཙོའི་རིང་ལུགས་བདམས་པ་དང་། ཐེ་ཝན་གྱིས་མུ་མཐུད་ནས་རྒྱལ་སྤྱིའི་དམངས་གཙོའི་མཐུན་གྲོགས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ངང་བསྐྱོད་རྒྱུ་ཡིན་ཞེས་བསྒྲགས་འདུག

ཨེ་པི།

ཐེ་ཝན་གྱི་འོས་བསྡུ་ཆེན་མོ་ལེགས་གྲུབ་བྱུང་སྟེ།  ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ Lai Ching-te ལ་རྒྱལ་ཁ་ཐོབ་པར། ཁོང་གིས་འདི་ནི་ ༢༠༢༤ ལོར་འཛམ་གླིང་ནང་དམངས་གཙོའི་འཕེལ་རིམ་ཁྲོད་ཀྱི་འོས་བསྡུའི་ལས་རིམ་མང་པོ་ཡོད་པའི་ནང་ནས་ཐེ་ཝན་གྱི་འོས་བསྡུའི་ལས་རིམ་དང་པོ་དང་།  དེ་ཡང་དམངས་གཙོ་ཡར་ཐོན་ཚོགས་པར་ཐོབ་པ་འདི་ནི་ཐེ་ཝན་མི་མང་གིས་དམངས་གཙོར་བདམས་པ་རེད་ཅེས་བརྗོད་འདུག

ཐེ་ཝན་གྱི་སྐབས་བཅུ་དྲུག་པའི་སྲིད་འཛིན་བགྲེས་གཞོན་གྱི་འོས་བསྡུ་དང་། དེ་བཞིན་སྐབས་བཅུ་གཅིག་པའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡༣ ཉིན་གནང་སྟེ་ཐེ་ཝན་དམངས་གཙོ་ཡར་ཐོན་ཆབ་སྲིད་ཚོགས་པའི་འོས་མི་ Lai Ching-te ལ་འོས་གྲངས་བརྒྱ་ཆ་ ༤༠ ལྷག་ཙམ་དང་།   རྒྱ་ནག་དང་སེམས་ཐག་ཉེ་བའི་གོ་མིང་ཏང་གི་འོས་མི་ Hou Yu-ih ལ་བརྒྱ་ཆ་ ༣༣།༥  ཐེ་ཝན་མི་མང་ཆབ་སྲིད་ཚོགས་པར་འོས་གྲངས་བརྒྱ་ཆ་ ༢༦།༥ སོ་སོར་འཐོབ་སྟེ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མིར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད།

བདམས་ཐོན་སྲིད་འཛིན་གསར་པ་ Lai Ching-te ཡིས་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་མ་ཐག་རྒྱལ་ཁའི་གསུང་བཤད་གནང་པའི་ནང་གཙོ་བོ་དོན་ཚན་གསུམ་ཟུར་འདོན་གནང་བའི་ནང་།  མང་གཙོའི་རིང་ལུགས་དང་མི་གཅིག་སྲིད་དབང་རིང་ལུགས་གཉིས་ནས་ང་ཚོས་དམངས་གཙོའི་རིང་ལུགས་བདམས་པ་དང་།  ཐེ་ཝན་གྱིས་མུ་མཐུད་ནས་རྒྱལ་སྤྱིའི་དམངས་གཙོའི་མཐུན་གྲོགས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ངང་བསྐྱོད་རྒྱུ་ཡིན་ཞེས་བསྒྲགས་པ་དང་ཆབས་ཅིག Lai Ching-te ཡིས། ང་ཚོས་ཐེ་ཝན་གྱི་སྲིད་འཛིན་ཐེ་ཝན་མི་མང་གིས་འོས་འདེམས་རྒྱུར་ཡིད་ཆེས་ཡོད་པ་བཞིན།  ཐེ་ཝན་གྱིས་ཕྱི་ཕྱོགས་ནས་ཐེ་ཇུས་ལ་འགོག་རྒོལ་བྱ་རྒྱུ་ཡིན་པ་དང་། ད་ལྟའི་ཐེ་ཝན་གྱི་སྲིད་བྱུས་ཁ་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་མིན་ཞེས་བརྗོད་འདུག བདམས་ཐོན་སྲིད་འཛིན་གསར་པས་སྲིད་འཛིན་ཚའེ་དབྱིན་ཝེན་དང་ལས་རོགས་ཚོར་འདས་པའི་ལོ་བརྒྱད་ཀྱི་རིང་རང་ནུས་གང་ཡོད་ཐོག་ནས་ཐེ་ཝན་གྱི་བསྒྱུར་བཅོས་དང་འཛུགས་སྐྲུན་གྱི་ཆེད་དུ་རྨང་གཞི་བརྟན་པོ་ཞིག་གཏིང་ཡོད་པར་ཐུགས་རྗེ་ཆེ་ཞེས་ཞུས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་ X སྤྱི་ཚོགས་དྲ་ཐོག་ནས་ Lai Ching-te ལ་ཐེ་ཝན་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་ཤིང་།  ཐེ་ཝན་མི་མང་གིས་རང་དབང་དང་དྲང་བདེན་ངང་འོས་བསྡུའི་ནང་མཉམ་ཞུགས་བྱས་ཏེ་ཁོང་ཚོའི་དམངས་གཙོའི་ལམ་ལུགས་ཀྱི་ནུས་པ་གསལ་སྟོན་བྱས་པར་ཡང་འཚམས་འདྲི་ཞུ་གི་ཡོད་ཅེས་བཀོད་འདུག

རྒྱ་ནག་ཕྱོགས་ནས་ཐེ་ཝན་གྱི་འོས་བསྡུ་ཆེན་མོ་མ་བྱས་གོང་རེས་གཟའ་པ་སངས་ཉིན་རྒྱ་ནག་གིས་གནམ་དམག་གནམ་གྲུ་དང་དམག་གྲུ་ཁག་ཅིག་ཐེ་ཝན་གྱི་ཉེ་འགྲམ་དུ་བཏང་བ་མ་ཟད།  རྒྱ་ནག་གཞུང་གི་ཐེ་ཝན་གནད་དོན་ལས་ཁུངས་ཀྱི་མགྲིན་ཚབ་པ་ Chen Binhua ཡིས་ཐེ་ཝན་འོས་བསྡུའི་གྲུབ་འབྲས་ལས།  ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་ཐེ་ཝན་མཚོ་གླིང་མི་མང་སྤྱི་བྱིངས་ཀྱི་བསམ་ཚུལ་མཚོན་ཐུབ་ཀྱི་མ་རེད་ལ། འདིས་ཐེ་ཝན་དང་རྒྱ་ནག་གི་མཚོ་འགག་དབར་གྱི་གཞི་རིམ་ཆབ་སྲིད་ཀྱི་གནས་བབ་དང་འཕེལ་རིམ་ལ་འགྱུར་བ་འགྲོ་རྒྱུ་མིན་ཞིང་།  འགྱུར་བ་གཏོང་ཐབས་མེད་པའི་རྒྱ་ནག་གཅིག་འགྱུར་བཟོ་བའི་བྱ་ཐབས་ལ་འགོག་རྐྱེན་བཟོ་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག Chen Binhua ཡིས། རྒྱ་ནག་གིས་ཐེ་ཝན་དང་མཉམ་དུ་གནད་དོན་སེལ་རྒྱུ་དང་།  རྒྱ་ནག་ཆིག་སྒྲིལ་བཟོ་བའི་འདུན་པར་འགྱུར་བ་མེད་པར་རང་སོར་གནས་རྒྱུ་ཡིན་པ་བརྗོད་འདུག

རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་སློབ་སྟོན་པ་ཟུར་པ་ OP Jindal གཙུག་ལག་སློབ་ཆེན་གྱི་རྒྱ་ནག་སློབ་གཉེར་ཚན་པའི་ཟུང་སྦྲེལ་སློབ་དཔོན་ Dr. Sriparna Pathak ལགས་ཀྱིས།  ཐེ་ཝན་གྱི་འོས་བསྡུའི་ཁྲོད་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དམངས་གཙོ་ཡར་ཐོན་ཚོགས་པར་སྐྱར་དུ་རྒྱལ་ཁ་ཐོབ་པར་བརྟེན་རྒྱ་ནག་གིས་དགའ་མོས་བྱ་རྒྱུ་མིན་པ་གསལ་པོ་ཡིན་པ་དང་།  རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་དམག་གྲུ་སོགས་མང་དུ་བཏང་ནས་ཉིན་ཤས་རིང་དྲག་རྒོལ་གྱི་རྣམ་འགྱུར་བསྟན་གྱི་རེད་ལ།  རྒྱ་ནག་གཞུང་གིས་གྲུབ་འབྲས་འདིར་མི་འདོད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་སྤེལ་རྒྱུ་སོགས་བྱ་ངེས་ཡིན་ཡང་།  ཐེ་ཝན་མང་ཚོགས་ཀྱིས་ཐེ་ཝན་མི་རིགས་ཐ་དད་ཀྱི་འདོད་ཕྱོགས་འཛིན་གྱི་ཡོད་པ་ད་རེས་ཀྱི་འོས་བསྡུའི་ལས་རིམ་ཐོག་ནས་མངོན་པར་གསལ་བ་བྱས་པ་དང་།  ལྷག་པར་ཐེ་ཝན་གཞོན་སྐྱེས་མི་རབས་ཚོས་འོས་བསྡུ་འདི་བརྒྱུད་རྒྱ་ནག་གི་ཆ་ཤས་བྱ་རྒྱུ་ལས་ལྡོག་སྟེ་ཐེ་ཝན་མི་རིགས་ཐ་དད་བྱ་རྒྱུའི་སྤོབས་པ་ཡོད་པ་གསལ་སྟོན་བྱས་པ་རེད་ཅེས་གསུངས་བྱུང་། 

ཐེ་ཝན་འོས་བསྡུའི་གྲུབ་འབྲས་ལ་ཨ་རི་ཙམ་མ་ཟད།  ཉི་ཧོང་དང་ཡོ་རོབ་མཐུན་ཚོགས་བཅས་སོགས་དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་པས་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ Lai Ching-te ལ་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་ཤིང་།  ཨ་རིའི་ཕྱི་སྲིད་དྲུང་ཆེ་སྦིལིང་ཀེན་གྱིས་རེས་གཟའ་པ་སངས་ཉིན་ཨ་རིའི་རྒྱལ་སར་རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་མཐུད་ཚན་པའི་བློན་ཆེན་ Liu Jianchao དང་མཇལ་འཕྲད་ཀྱིས་ཨ་རིས་ཐེ་ཝན་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་ཡོད་པ་རེད།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org