ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་ཀྱིས། འཕགས་བོད་ས་མཚམས་ལ་དྭགས་སུ་གསུམ་བཅུའི་དུས་དྲན་སྲུང་བརྩི་ནི་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པ་ནན་བརྗོད་གནང་འདུག
ལ་དྭགས་རྒྱལ་ས་གླེ་གནས་སྡོད་བོད་མི་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༦ པ་སྲུང་བརྩི་དང་འབྲེལ། གླེ་འགྲོ་ཕན་སྨན་རྩིས་ཁང་ནས་འགོ་འཛུགས་ཀྱིས་གླེ་སྤོ་ལོའི་ཐང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག
- 2025-03-10
-
-
-
Your browser doesn’t support HTML5 audio
ལོ་ལྟར་བཞིན་འདི་ཚེས་ ༡༠ ཉིན་ལ་སྤྱི་ལས་ཁུངས་དང་ས་གནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གིས་གོ་སྒྲིག་འོག གླེ་གནས་སྡོད་བོད་མི་རྣམས་ནས་གླེ་འགྲོ་ཕན་སྨན་རྩིས་ཁང་ནས་འགོ་འཛུགས་ཀྱིས་གླེ་སྤོ་ལོའི་ཐང་བར། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩིའི་ཞི་བའི་གོམ་བགྲོད་གནང་སོང་། གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལ་དྭགས་ནང་པའི་ཚོགས་འདུའི་དབུ་གཞོན་རྒན་པ་རིག་འཛིན་རྡོ་རྗེ་ལགས་ཆེད་ཕེབས་ཀྱིས། བོད་མི་རྣམས་མིའི་ལུང་པར་བཙན་བྱོལ་དུ་གྱར་ཡོད་ཀྱང་སེམས་ཤུགས་མ་ཆག་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་བླ་ན་མེད་པའི་དབུ་ཁྲིད་ཡོད་པ་ནི་བསོད་ནམས་ཅན་ཞིག་ཏུ་ཚོར་དགོས་པ་གསུངས་སོང་ལ། ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་ཀྱིས། ལ་དྭགས་ས་གནས་དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ཆགས་ཀྱི་ཡོད་དུས། ས་གནས་སུ་གསུམ་བཅུའི་དུས་དྲན་སྲུང་བརྩི་དགོས་རྒྱུ་ནི་དམིགས་བསལ་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་།
ལ་དྭགས་གླེ་རུ་འཚོགས་པའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩིའི་མཛད་སྒོའི་ཐོག སྐུ་མགྲོན་གཞན་ལ་དྭགས་ཨན་ཇུ་མན་ཨི་མ་མི་ཡའི་ཚོགས་པའི་ཚོགས་གཙོ་ཨ་ཤརཕ་ཨ་ལི་བར་ཆ་ལགས་དང་། ལ་དྭགས་དགོན་སྤྱི་ལྷན་ཚོགས་ཀྱི་དབུ་སྐྱོང་རྒན་ཚེ་རིང་དབང་འདུས་བཅས་ཕེབས་འདུག
གཞན་ཡང་དེ་རིང་གསུམ་བཅུའི་དུས་དྲན་དང་བསྟུན། དང་བླང་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་ཁག་གཅིག་གིས་འཕགས་བོད་གཉིས་ཀྱི་ས་མཚམས་ལ་དྭགས་སྤང་གོང་མཚོའི་ཉེ་འགྲམ་དུ། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག
ཐེངས་འདིར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་གླེ་རྒྱལ་སའི་ཁུལ་དུ་བཅའ་བཞུགས་བོད་མི་རྣམས་ནས་ས་གནས་སུ་གསུམ་བཅུའི་དུས་དྲན་བརྩི་སྲུང་ཞུས་ཡོད་པ་ལྟར། ལ་དྭགས་བྱང་ཐང་ཁག་འདྲ་མིན་དུ་གནས་བཞུགས་བོད་མི་རྣམས་ནས་ཀྱང་ས་གནས་སུ་སུམ་ཅུ་དུས་དྲན་བརྩི་སྲུང་ཞུས་ཡོད་པ་རེད་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།