ལ་དྭགས་ཀྱི་སྤྱི་ཚོགས་ཞབས་ཞུ་བ་གྲགས་ཅན་བླ་མ་བློ་བཟང་ལགས་དགོངས་པ་རྫོགས་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་རྗེས་སུ་ལྡི་ལི་གཙོས་རྒྱ་གར་གཞུང་ལ་ཞུ་གཏུགས་དང་ལས་དོན་གཉེར་རྒྱུར་མཐུན་འགྱུར་དང་ལམ་སྣེ་ཁྲིད་སྟོན་གནང་མཁན་ལ་དྭགས་བླ་མ་བློ་བཟང་ལགས་དགོངས་པ་རྫོགས་འདུག

Lionsroar

རྒྱ་གར་གྱི་གྲངས་ཉུང་མི་རིགས་དང་ཟུར་གསལ་རིགས་སྡེའི་འཐུས་མི་ཟུར་པ་ལ་དྭགས་བ་བླ་མ་བློ་བཟང་ལགས་བོད་པའི་སྤྱི་ཚོགས་ནང་ཡོངས་གྲགས་སུ་ལ་དྭགས་བླ་མ་བློ་བཟང་ལགས་ཞུ་བ་ཁོང་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༣ ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིར་དགོངས་པ་རྫོགས་ཡོད་འདུག
དམ་པ་ཁོང་ནི་ཕྱི་ལོ་ ༡༩༣༡ ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་སྐུ་འཁྲུངས་ཞིང་། ཕྱི་ལོ་ ༡༩༥༡ ལོར་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་མཆོག་གིས་བཀོད་མངགས་ལྟར་ཁོང་གནས་མཆོག་ཝ་ར་ཎ་སིའི་གྲོང་ཁྱེར་སར་ནཐ་དུ་སློབ་གཉེར་དུ་ཆེད་གཉེར་གནང་བ་དང་དེ་ནས་དགུང་ལོ་ ༢༡ ལ་སོན་སྐབས་བོད་ནང་ཆོས་སྒོར་ཞུགས་གནང་ཡོད་འདུག
རིམ་བཞིན་བླ་མ་བློ་བཟང་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ལ་དྭགས་བ་དང་རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་སོགས་ནང་ཆོས་ཀྱི་སློབ་གཉེར་སྦྱང་བརྩོན་གནང་བ་དེ་དག་ཁྱབ་སྤེལ་གནང་རྒྱུས་མཚོན་སྤྱི་ཚོགས་ཀྱི་ཞབས་འདེགས་ཧ་ཅང་རླབས་ཆེན་ཞུས་གནང་ཡོད་པ་ཁོང་གི་མཛད་རྗེས་འདི་དག་ཡོངས་གྲགས་ཆེན་པོར་གྱུར་ཡོད་པ་དང་།
དེ་བཞིན་ལ་དྭགས་ལུང་ཁུག་ས་ཁུལ་ཁག་ནས་ཡུལ་མི་བརྒྱ་ཕྲག་མང་པོ་རྒྱལ་ས་ལྡི་ལིར་སྨན་བཅོས་ཆེད་ཡོང་མཁན་ཚོར་ལྟ་སྐྱོང་གི་མཐུན་འགྱུར་ཧ་ཅང་མང་པོ་གནང་ཡོད་ལ། ཁོང་ལོ་ངོ་མང་པོའི་རིང་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་དང་ཟུར་གསལ་རིགས་སྡེའི་ལས་ཁུངས་ཀྱི་འཐུས་མིའི་ངོ་བོའི་ཐོག་ནས་ཞབས་ཞུ་ཡང་རྒྱུན་རིང་གནང་ཡོད་པ་རེད།
ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་རྗེས་སུ་རྒྱ་གར་རྒྱལ་ས་ལྡི་ལི་གཙོས་རྒྱ་གར་གཞུང་ལ་ཞུ་གཏུག་དང་ལས་དོན་སྙེང་གསེང་ཞུ་རྒྱུ་སོགས་ལ་དམ་པ་ཁོང་གིས་མཐུན་འགྱུར་དང་ལམ་སྟོན་གནང་བ། དམིགས་བསལ་འཕགས་བོད་མཛའ་འབྲེལ་དང་འབྲེལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ལས་འགུལ་ལའང་མཐུན་འགྱུར་ཞབས་འདེགས་ཞུས་གནང་མཁན་གྱི་སྐྱེས་བུ་ཞིག་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་མཁན་ཞིག་ཀྱང་ཡིན་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ།་བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org