ལ་དྭགས་ཁུལ་དུ་དྲག་ཆར་བབས་པའི་རྐྱེན་གྱི་༧གོང་ས་མཆོག་གི་གསུང་ཆོས་ཉིན་གཅིག་རིང་ཕར་འགྱང་གནང་འདུག

ལ་དྭགས་གླེ་གྲོང་ཁྱེར་ནང་ཆགས་པའི་ཇོ་བོའི་གཙུག་ལག་ཁང་གི་ཉེ་འཁོར་དུ་ཡང་ཆུས་ཁེངས་པའི་དཀའ་ངལ་ཕྲད་ཡོད་ཀྱང་དཀའ་ངལ་སེལ་ཆེད་ཡུལ་མི་དང་དམག་མིས་རོགས་སྐྱོར་གནང་ཡོད་པ།

RFA/འཕྲིན་ལས་ཆོས་སྒྲོན།

ཕྱི་ཟླ་ ༧ ཚེས་ ༢༡ གྱི་དགོང་མོར་ལ་དྭགས་གླེ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཆགས་པའི་ལུང་ཀུལ་ཞེས་པ་ནས་འགོ་འཛུགས་ཀྱི་ཆར་བ་ཤུགས་ཆེ་བབས་པའི་རྐྱེན་གྱིས་ལ་དྭགས་གླེ་གྲོང་ཁྱེར་ཕྱོགས་སུ་སྣུམ་འཁོར་གྱི་གཞུང་ལམ་མང་པོར་འདམ་རུད་ཀྱིས་འགག་པ། གཞུང་ལམ་དུ་བགྲོད་མི་བདེ་བའི་གནོད་སྐྱོན་ཤུགས་ཆེ་བྱུང་ཡོད་པ་རེད། དེ་བཞིན་ལ་དྭགས་གླེ་གྲོང་ཁྱེར་ནང་ཆགས་པའི་ཇོ་བོའི་གཙུག་ལག་ཁང་གི་ཉེ་འཁོར་དུ་ཡང་ཆུས་ཁེངས་པའི་དཀའ་ངལ་ཕྲད་ཡོད་ཀྱང་། ལ་དྭགས་གླེ་ཉེ་འཁོར་གྱི་འགོ་པ་ངག་དབང་ཚེ་རིང་ལགས་ཀྱིས་ཨེ་ཤེས་ཡ་རང་དབང་རླུང་འཕྲིན་ཁང་ལ། ཡུལ་འཁོར་དུ་དཀའ་ངལ་སེལ་ཕྱིར་ས་གནས་འཛིན་སྐྱོང་གིས་གཙོས་དམག་མི་དང་། དེ་བཞིན་མི་ཚང་མས་གང་ཐུབ་ཀྱི་རོགས་པ་གནང་ཡོད་པ་གསུངས་བྱུང་། དེ་བཞིན་ཁོང་གི་རྐྱེན་ངན་འདི་ཕྲད་པའི་རྒྱུད་སེམས་ཅན་ཁ་ཤས་ཀྱི་སྲོག་ཕྱིན་པ་དང་ཡང་གྲོང་པ་༡༠ ཙམ་གྱི་ནང་འདམ་བག་གིས་ཁེངས་པའི་དཀའ་ངལ་ཕྲད་ཡོད་པ་གསུངས་བྱུང་།

ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་གི་ཉེ་འཁོར་དུ་ཆར་ཞོད་ཀྱི་འདམ་གིས་ཁེངས་པས་ཆོས་ལུགས་དང་མི་རིགས་དབྱེ་བ་མེད་པར་མི་སྣ་རྒན་གཞོན་ཚང་མས་དྭང་བླང་མདུན་སྤོས་ཀྱིས་ངལ་སེལ་ཞབས་འདེགས་ཞུ་བར་སླེབས་པ་དེ་ནི་རྒྱུན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་མི་ཚང་མས་ཆོས་ལུགས་དང་རྒྱལ་ཁབ།  མི་རིགས་སོགས་དབྱེ་བ་མེད་པར་ཐུགས་མཐུན་ཁྲིམས་གཙང་ངང་ཆིག་སྒྲིལ་ཐོག་ནས་གནས་དགོས་པའི་བཀའ་སློབ་ཕེབས་པ་ལ་བརྟེན་ནས་བྱུང་པ་ལ་དྭགས་ནང་པའི་ཚོགས་འདུའི་དབུ་སྐྱོང་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྤྱིར་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ལ་དྭགས་ཞི་བའི་འཚལ་གསུང་ཆོས་རྭ་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཀྱིས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་བསྩལ་རྒྱུའི་མཛད་འཆར་སྔོན་སྒྲིག་ཡོད་ན་ཡང་གསུངས་ཆོས་གོ་སྒྲིག་ཞུ་མཁན་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་ཡོངས་ཀྱི་དགོན་པ་ཚོགས་འདུ་གཉིས་ཀྱིས་༧དགའ་ལྡན་ཕོ་བྲང་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་དབང་དེ་ཉིན་གཅིག་རིང་གི་ཕར་འགྱང་གནང་པ་ཞིག་ཡིན་པ་༧དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་བྱུང་།
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org